ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༩/༢༠

རྒྱ་ནག་གི་དམ་བསྒྲགས་ལ་བསྟུན་ནས་ཧོང་ཀོང་མི་མང་ཚོས་གསར་འགྱུར་ལྟ་ཀློག་དེ་ཙམ་བྱེད་ཀྱི་མེད།


༢༠༢༡ ལོའི་ཟླ ༦ ཚེས ༢༤ ཉིན། མི་རྣམས་ཧོང་ཀོང་གི་གྲོང་ཁྱེར་དཀྱིལ་གྱི་ཚགས་པར་ཚོང་སྟེགས་ཤིག་ནས་ཨེ་པཱལ་ཉིན་རེའི་ཚགས་པར་མཐའ་མ་དེ་ཉོ་ཆེད་བང་བསྒྲིགས།
༢༠༢༡ ལོའི་ཟླ ༦ ཚེས ༢༤ ཉིན། མི་རྣམས་ཧོང་ཀོང་གི་གྲོང་ཁྱེར་དཀྱིལ་གྱི་ཚགས་པར་ཚོང་སྟེགས་ཤིག་ནས་ཨེ་པཱལ་ཉིན་རེའི་ཚགས་པར་མཐའ་མ་དེ་ཉོ་ཆེད་བང་བསྒྲིགས།

ལོ་གསུམ་གོང་རྒྱ་ནག་དམར་པོའི་སྲིད་གཞུང་གིས་གནོན་ཤུགས་འོག་ཧོང་ཀོང་ས་གནས་སྲིད་གཞུང་གིས་ཧོང་ཀོང་གི་ཨེ་པོལ་ཉིན་རེའི་གསར་ཤོག་དང་སི་་ཊནྜ་ནིའུས་ཞེས་པའི་རང་དབང་ཅན་གྱི་གསར་ཤོག་གཉིས་སྒོ་བརྒྱབས་པ་དང་། སྐབས་དེར་རང་ལོ་༣༥ཡིན་པ་ཧེ་ན་ཝུང་ཞེས་པའི་བེུད་མཛེས་བཟོ་བ་དེ་བློ་ཕམ་གྱིས་ངུས་ཤིང་། དེ་རིང་ཁ་སང་བེུད་དེ་ཧོང་ཀོང་གི་ཡིད་རྨུག་དགོས་པའི་གནས་ཚུལ་ཁག་ལས་རྣམ་གཡེང་ཡོང་ཐབས་སླད་གསར་འགྱུར་ལ་ལྟ་ཀློག་བྱེད་མི་དགོས་པ་གཙོ་དོན་བྱེད་ཀྱི་ཡོད་ཅེས་ཨེ་པི་གསར་ལས་ཁང་ལ་ངོ་སྤྲད་བྱས་པ་དེ་ཕྱི་ཚེས་གཅིག་སྟེ། རེས་གཟའ་ཉིན་མའི་ཉིན་ཧོང་ཀོང་ནས་གནས་ཚུལ་སྤེལ་འདུག

བེུད་དེའི་ལོ་རྒྱུས་དེ་ནི་རྒྱ་ནག་གཞུང་གིས་གཏན་འབེབས་བྱས་པའི་ཧོང་ཀོང་ས་གནས་བདེ་འཇགས་ཀྱི་ཁྲིམས་ཡིག་ཟེར་བའི་མིང་ཐོག་འདས་པའི་ལོ་ངོ་བཞིའི་རིང་ཆེས་རང་སྐྱོང་དུ་ངོས་འཛིན་བྱས་པའི་ཧོང་ཀོང་ནང་རང་དབང་ཅན་གྱི་གསར་ཤོག་དང་གསར་འགོད་པ། མང་གཙོའི་ལས་འགུལ་བ་དང་སྲིད་དོན་མི་སྣར་རྡུང་རྡེག་དྲག་གནོན་གྱིས་ཡིད་རྨུག་དགོས་པའི་གནས་སྟངས་ཀྱི་རྗེས་སུ་མང་ཚོགས་ཆེས་མང་པོས་ད་ཆ་གནས་ཚུལ་ལ་ཡིད་ཆེས་བརླག་ནས་གསར་འགྱུར་ལ་ལྟ་ཀློག་བྱེད་མཁན་ཧ་ཅང་ཉུང་དུ་ཕྱིན་པའི་གནས་ཚུལ་སྤེལ་འདུག

ཧོང་ཀོང་ནང་ཕྱི་ལོ་༢༠༢༠ལོར་ཞི་ཅིན་ཕིང་གིས་བཙན་སྐུལ་འོག་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ཡིག་ཟེར་བ་གཏན་འབེབས་ཀྱིས་གསར་འགོད་རང་དབང་ལ་དྲག་གནོན་མ་བྱས་གོང་ཧོང་ཀོང་ནི་གསར་འགོད་རང་དབང་ཆེ་བའི་མངའ་ཁུལ་གཅིག་ཡིན་པ་དང་། རྒྱལ་མཚམས་མེད་པའི་གསར་འགོད་རང་དབང་སྲུང་སྐྱོབ་ཚོགས་པའི་སྙན་ཐོའི་ནང་། ཕྱི་ལོ་༢༠༢༡་ལོར་ཧོང་ཀོང་ནི་འཛམ་གླིང་རྒྱལ་ཁབ་༡༨༠ཙམ་གྱི་གསར་འགོད་རང་དབང་གི་ཐོ་བཀོད་ཀྱི་ཚད་གཞིའི་ནང་ཨང་རིམ་༨༠་པ་དེ་ཡིན། འོན་ཀྱང་༢༠༢༡ལོའི་རྗེས་ཧོང་ཀོང་གི་ཨང་གྲངས་དེ་༡༣༥བར་མར་ཟག་ཡོད་པ་གསལ་འདོན་བྱས་འདུག

རེས་གཟའ་ཕུར་བུའི་ཉིན་ཧོང་ཀོང་གི་ཁྲིམས་ཁང་གིས་སེན་སི་གསར་ལས་ཁང་གི་རྩོམ་སྒྲིག་པ་ཟུར་པ་གཉིས་ལ་རྒྱལ་ཁབ་མགོ་རྟིང་སློག་ཐབས་བྱས་པའི་ཉེས་འཛུགས་འོག་ཁྲིམས་ཐག་བཅད་ཡོད་པ་དང་། ཁྲིམས་ཁང་གི་ཁྲིམས་དཔོན་གྱིས་རྩོམ་སྒྲིག་པ་གཉིས་ནས་༢༠༡༩ལོའི་ཧོང་ཀོང་ནང་བྱུང་བའི་གཞི་རྒྱ་ཆེ་བའི་ངོ་རྒོལ་ལས་འགུལ་སྐབས་མང་ཚོགས་ཁྲོད་རྒྱ་ནག་གཞུང་དང་ཧོང་ཀོང་ས་གནས་སྲིད་གཞུང་ལ་མིང་ཆད་བཟོ་ཐབས་བྱས་ཡོད་ཅེས་བཤད་ཡོད། ཁྲིམས་ཐག་དེའི་རྗེས་ཁྲིམས་དཔོན་གྱིས་གསར་འགོད་པ་ཚོས་དངོས་ཡོད་གནས་ཚུལ་གཞིར་བཞག་གནས་ཚུལ་སྤེལ་བ་ཡིན་ན་གསར་འགོད་རང་དབང་ལ་དམ་བསྒྲགས་གང་ཡང་མེད་ལུགས་བརྗོད་འདུག

གནད་དོན་དབྱེ་ཞིབ་པ་ཚོས་མང་ཚོགས་ཁྲོད་གཞུང་ལ་ཡིད་ཆེས་བྱེད་མི་ཐུབ་མཁན་དཔེར་ན་མང་གཙོར་རྒྱབ་སྐྱོར་བྱེད་མཁན་ཧོང་ཀོང་ནང་གི་ཆབ་སྲིད་འཛིན་སྐྱོང་གི་འགྱུར་བཅོས་དེ་ཚོ་ཡག་པོ་མ་མཐོང་མཁན་ཁག་གི་ཁྲོད་གསར་འགྱུར་ལ་ཡིད་ཆེས་བརླག་ནས་དོ་སྣང་བྱེད་མཁན་ཇི་ཉུང་དུ་འགྲོ་ཡི་ཡོད་པ་གསུངས་ཀྱི་ཡོད། དཔེར་ན་དེ་སྔ་ཨེ་པེལ་ཉིན་རེའི་གསར་ཤོག་དང་། སེན་སི་གསར་ཤོག་ལྟ་ཀློག་བྱེད་མཁན་རང་ལོ་༣༤་ཡིན་པའི་ཨེ་རིསི་ ནིཡི་ཞུ་བའི་བེུད་གཅིག་གིས་དེང་སང་གསར་ཤོག་ནང་སྤྱིར་བཏང་འཚོ་ཐབས་དང་འབྲེལ་བའི་གནས་ཚུལ་ལ་དོ་སྣང་བྱེད་པ་ལས་ཆབ་སྲིད་དང་དཔལ་འབྱོར། སྲིད་བྱུས་བཅས་པའི་གནས་ཚུལ་ལ་དོ་སྣང་བྱེད་ཀྱི་མེད་པ་དང་། གཞུང་གི་དཔོན་རིགས་ཚོའི་གོད་བྲོའི་གཏམ་བརྗོད་འདྲ་བའི་གཏམ་བཤད་དེ་ཚོ་མཐོང་བ་དང་ཐོས་པ་ཙམ་གྱིས་ཁོང་ཁྲོ་དང་བྱ་ཐབས་བྲལ་བའི་སྐྱོ་གདུང་དྲག་པོ་ཡོང་གི་འདུག་ཅེས་འགྲེལ་བརྗོད་བྱས་འདུག

ཨེ་པི་གསར་ཁང་ནས་བཏུས།
གསར་འགོད་པ། བློ་བཟང་ཡེ་ཤེས།

ཞུ་དག་རྩོམ་སྒྲིག་པ། རྣམ་རྒྱལ་ཤཱསྟྲཱི།

གླེང་སྟེགས།

XS
SM
MD
LG