ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༡༢/༢༢

༧གོང་ས་མཆོག་ལ་སྨོན་ལམ་མངོན་འགྱུར་ལས་གཞི་སྤྱན་འབུལ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་གིས་དུས་ཀྱི་དགོས་མཁོར་དམིགས་ཏེ་ཡིག་སྒྱུར་རིག་ནུས་དང་། འབྲི་ཀློག་རིག་ནུས། ཡིག་གཟུགས་ངོས་འཛིན་རིག་ནུས་བཅས་ཀྱི་དཔེ་གཞི་ཚོད་ལྟ་རིམ་པ་དང་པོ་ལེགས་གྲུབ་ཀྱིས་སྨོན་ལམ་མངོན་འགྱུར་ཞེས་པ་ཞིག་དབུ་འབྱེད་ཀྱི་མཛད་སྒོའི་སྔ་རོལ་དུ། སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་གཙོས་པའི་ལས་བྱེད་རྣམ་པས་དེ་རིང་ཕྱི་ཟླ་ ༡༡ ཚེས་ ༠༣ ཉིན་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར་མགོན་པོ་མཆོག་ནས་ཁོང་རྣམ་པར་མཇལ་ཁ་སྩལ་གནང་མཛད་ཡོད་པ་རེད།

མཇལ་ཁ་གྲུབ་མཚམས་འདི་ག་ཨ་རིའི་རླུང་འཕྲིན་ཁང་ནས་སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་དགེ་བཤེས་བློ་བཟང་སྨོན་ལམ་ལགས་ལ་ མཇལ་ཁ་ཞུ་དགོས་དོན་དང་འབྲེལ་བའི་སྐོར་ལ་བཅར་འདྲི་ཞུས་པར། ཁོང་གིས་ཉེ་ལམ་སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་གིས་སྨོན་ལམ་རིག་ནུས་ལས་གཞི་ལས་མིས་བཟོས་རིག་ནུས་ཚན་པ་ཁག་བཞི་བཟོ་བསྐྲུན་ལེགས་གྲུབ་བྱུང་བ་དབུ་འབྱེད་ཀྱིས་མི་མང་འགྲེམ་སྤེལ་གྱི་མཛད་སྒོའི་གོང་དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་སྤྱན་འབུལ་ཞུ་ཆེད་དུ་མཇལ་བཅར་ཞུས་པ་ཡིན་པ་དང་། ལས་གཞི་འདི་ཡང་གཙོ་བོ་བོད་མི་རིགས་ཀྱི་སྐད་དང་རིག་གཞུང་འཛིན་སྐྱོང་སྤེལ་གསུམ་བྱ་ཆེད་དུ་དམིགས་པ་ཡིན་པ་གསུངས་གནང་བ་དང་སྦྲགས། ད་རེས་ཀྱི་དབུ་འབྱེད་ལས་གཞི་དེའི་མཚན་བྱང་ལ་ཡང་སྨོན་ལམ་མངོན་འགྱུར་ཞེས་བཏགས་ཡོད་པ་གསུངས་གནང་སོང་།

དེ་དང་ཕྱོགས་མཚུངས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས། བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་དང་ ཝ་ཏ་ཝ་ནི་ མིས་བཟོས་རིག་ནུས་ ཚན་རྩལ་བསྟི་གནས་གཉིས་ཟུང་སྦྲེལ་གྱི་ལས་གཞི་གསར་པ་འདི་དང་སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་གིས་གཉེར་བཞིན་པའི་སྨོན་ལམ་རིག་ནུས་ལས་གཞི་གཉིས་མཉམ་འབྲེལ་བྱེད་ཐུབ་ན། སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་། སྒོས་སུ་༧གོང་ས་༧སྐྱབས་མགོན་པ་ཆེན་པོ་མཆོག་གིས་དབུས་པའི་བསྟན་བདག་བླ་ཆེན་རྣམ་པའི་མཛད་རྗེས་དེ་དག་དུས་དང་བསྟུན་ཏེ་ཇི་སྲིད་བར་དུ་རིག་ནུས་ཀྱི་ཐོག་ནས་བེད་སྤྱོད་ཚད་ལྡན་ཡོང་བའི་དགེ་མཚན་ཆེན་པོ་ཡོང་རྒྱུ་ཡིན་པ་གསུངས་གནང་སོང་།

གཞི་རྩའི་སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་གིས་ཕྱི་ལོ་ ༢༠༢༣ ལོའི་ཚེས་ཤར་ནས་སྨོན་ལམ་རིག་ནུས་ལས་གཞི་ཞེས་པ་ཞིག་དབུ་འཛུགས་ཀྱིས་དེའི་ཐོག་ལ་རྒྱ་གར་གཙོས་པའི་བལ་ཡུལ་དང་ཕྱིའི་རྒྱལ་ཁབ་ཁག་ནས་ལས་མི་སུམ་བརྒྱ་བཅོ་ལྔ་ཙམ་གྱིས་ནུས་པ་བཏོན་གནང་སྟེ། ད་ལྟའི་ཆར་ལས་གཞིའི་དཔེ་གཞི་ཚོད་ལྟ་རིམ་པ་དང་པོ་ལེགས་གྲུབ་ཀྱིས་དེ་རིང་བོད་ཀྱི་ཟློས་གར་ཚོགས་ཁང་དུ་དབུ་འབྱེད་དང་སྦྲགས། སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་གིས་གསར་དུ་བཟོ་སྐྲུན་བྱས་པའི་ཡིག་སྒྱུར་རིག་ནུས་དང་། ཡིག་འཛིན་རིག་ནུས། འབྲི་ཀློག་རིག་ནུས། ཀློག་འདོན་རིག་ནུས། སྒྲ་འཛིན་རིག་ནུས་དང་བཅས་པ་སྐུ་མགྲོན་རྣམ་པར་སྤྱན་བསྟར་ཞུ་རྒྱུ་ཡིན་པ་རེད་འདུག

XS
SM
MD
LG