ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༩/༡༧

ཨུ་རུ་སུས་ཕྲུ་གུའི་སྨན་ཁང་ལ་གཏོར་རྒོལ་བཏང་བའི་དཔང་རྟགས་སྦས་ཐབས་བྱེད་ཀྱི་ཡོད་པ།


ཨུ་རུ་སུའི་དམག་མིས་ཡུ་ཀེ་རེན་གྱི་རྒྱལ་ས་ཀིཝ་ཀྱི་ཕྲུ་གུའི་སྨན་ཁང་ཞིག་ལ་འབར་མདེལ་གྱི་གཏོར་རྒོལ་བྱས་
ཨུ་རུ་སུའི་དམག་མིས་ཡུ་ཀེ་རེན་གྱི་རྒྱལ་ས་ཀིཝ་ཀྱི་ཕྲུ་གུའི་སྨན་ཁང་ཞིག་ལ་འབར་མདེལ་གྱི་གཏོར་རྒོལ་བྱས་

༄༅། །གཟའ་འཁོར་འདིའི་རེས་གཟའ་ཟླ་བའི་ཉིན་ཨུ་རུ་སུའི་དམག་མིས་ཡུ་ཀེ་རེན་གྱི་རྒྱལ་ས་ཀིཝ་ཀྱི་ཕྲུ་གུའི་སྨན་ཁང་ཞིག་ལ་འབར་མདེལ་གྱི་གཏོར་རྒོལ་བྱས་པར་འཛམ་གླིང་གི་ཕྱོགས་ཡོངས་ནས་སྐྱོན་བརྗོད་ཤུགས་ཆེར་བྱེད་བཞིན་ཡོད་ནའང་། ཨུ་རུ་སུའི་གཞུང་འབྲེལ་མི་སྣ་ཚོས་ངོས་ལེན་མ་བྱས་པའི་ཁར་ཡུ་ཀེ་རེན་དང་ཡུ་ཀེ་རེན་ལ་རྒྱབ་སྐྱོར་བྱེད་མཁན་ནུབ་ཕྱོགས་རྒྱལ་ཁབ་ཚོར་ཡ་ལ་བཙུག་འདུག

དེ་ཡང་རེས་གཟའ་ཟླ་བའི་ཉིན་ཨུ་རུ་སུའི་དམག་དཔུང་གིས་ཡུག་རེན་གྱི་ཨོག་མཱ་དྷིད་ཕྲུ་གུའི་སྨན་ཁང་ཐེ་བའི་ཡུལ་དེའི་ས་ཕྱོགས་གང་སར་གཏོར་རྒོལ་མང་དག་ཞིག་བྱས་པའི་དོན་རྐྱེན་ནང་མི་གྲངས་༤༣རྐྱེན་ལམ་དུ་སོང་བ་དང་མི་གྲངས་༢༠༠མིན་ཙམ་ཞིག་ལ་རྨས་སྐྱོན་བྱུང་ཡོད་པ་རེད། ཡུ་ཀེ་རེན་གྱི་སྲིད་འཛིན་ཛེ་ལེན་སི་ཀིས་ཨུ་རུ་སུའི་གཏོར་རྒོལ་དེ་ལ་སྐྱོན་བརྗོད་ཤུགས་ཆེ་གནང་བ་དང་ཆབས་ཅིག ཉེས་མེད་ཡུ་ཀེ་རེན་གྱི་ཞི་བའི་མི་མང་རྐྱེན་ལམ་དུ་བཏང་བ་དང་མང་པོར་རྨས་སྐྱོན་བཟོས་པ་བཅས་ཀྱི་འགན་འཕྲི་ཡོངས་སུ་ཨུ་རུ་སུ་གཞུང་ལ་ཡོད་ཅེས་ཁ་རྡུང་དྲག་པོ་བཏང་ཡོད་པ་རེད། རེས་གཟའ་མིག་དམར་ཉིན་ཡུ་ཀེ་རེན་གྱི་མཐུན་ཕྱོགས་རྒྱལ་ཁབ་ཚོས་རེ་འདུན་བྱས་པ་ལྟར་ཨུ་རུ་སུས་ཡུ་ཀེ་རེན་ལ་གཏོར་རྒོལ་བཏང་བའི་དོན་རྐྱེན་དང་འབྲེལ་བའི་སྐོར་ལ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལས་འཛིན་ཁང་གིས་ཚོགས་འདུ་བསྐོང་གནང་འདུག་ཅིང་། སྐབས་དེར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མི་ཆོས་དགེ་བའི་ལས་དོན་སྡེ་ཚན་གྱི་འགན་འཛིན་གཞོན་པའི་ལས་ཚབ་ཇོ་ཡི་སི་སཱ་སུ་ཝ་ཡིས་ཨུ་རུ་སུས་བསམ་བཞིན་སྨན་ཁང་ལ་དམིགས་ནས་གཏོར་རྒོལ་བྱས་ཡོད་ན། དེ་ནི་དམག་དོན་ཁྲིམས་འགལ་ཉེས་ཅན་གྱི་བྱ་སྤྱོད་ཞིག་རེད། དེ་ལྟར་བྱས་ཡོད་ཚེ་ཁྲིམས་འགལ་ཉེས་ཅན་པ་དེ་དག་ངེས་པར་དུ་ཁྲིམས་སར་སྐྱེལ་དགོས་པ་ཡིན་ཞེས་གསུངས་འདུག་པ་མ་ཟད། དེ་ལྟ་བུའི་གཏོར་རྒོལ་དེ་ཡུ་ཀེ་རེན་གྱི་འཕྲོད་བསྟེན་ལྟ་སྐྱོང་ཚན་པར་གནོད་ཡོད་པ་མ་ཟད། ཡུ་ཀེ་རན་ཁྱོན་ཡོངས་ནང་ཞི་བའི་ཡུལ་མིས་བེད་སྤྱོད་བྱ་ཡུལ་རྨང་གཞིའི་འཛུགས་བསྐྲུན་སོགས་ལ་སྐྱོན་ཆག་བྱུང་བ་ནི་ཧ་ཅང་བློ་འཚབ་བྱེད་འོས་པ་ཞིག་རེད་ཅེས་འགྲེལ་བརྗོད་གནང་འདུག

རེས་གཟའ་ཟླ་བའི་ཉིན་ཨ་རིའི་སྲིད་འཛིན་ཇོ་བྷའི་ཌན་གྱིས་བསྒྲགས་གཏམ་ཞིག་སྤེལ་བའི་ནང་ད་རེས་ཡུ་ཀེ་རེན་ཐོག་ཨུ་རུ་སུས་འབར་མདེལ་གྱི་གཏོར་རྒོལ་བྱས་པ་དེས་ཨུ་རུ་སུ་ནི་ཆེས་གདུག་རྩུབ་ཅན་ཞིག་ཡིན་པ་དྲན་བསྐུལ་བྱས་རེད་ཅེས་གསུངས་བ་དང་སྦྲགས ད་ལྟའི་གཉན་འཕྲང་ཅན་གྱི་དུས་ཚོད་འདིར་འཛམ་གླིང་ཁྱོན་ཡོངས་ཀྱིས་ཡུ་ཀེ་རེན་ལ་རྒྱབ་སྐྱོར་མུ་མཐུད་ནས་བྱེད་དགོས་པ་གལ་འགངས་ཆེན་པོ་རེད། དེ་བཞིན་ང་ཚོས་ཨུ་རུ་སུའི་བཙན་བཤེད་ཀྱི་བྱ་སྤྱོད་ལ་སྣང་མེད་ནམ་ཡང་འཇོག་རྒྱུ་མེད་ཅེས་གསུངས་འདུག

ཨུ་རུ་སུའི་གཞུང་གི་མགྲིན་ཚབ་པ་ཌི་མི་ཊི་རི་པེ་སོ་ཀོབ་ཀྱིས་རེས་གཟའ་མིག་དམར་ཉིན་རྒྱུན་ལྡན་གྱི་གསར་འགོད་འདུ་འཛོམས་སར་གཏོར་རྒོལ་དེའི་འགན་འཁྲི་རྣམས་ཨུ་རུ་སུ་ལ་མེད་ཅེས་དང་། ང་ཚོས་ཞི་བའི་ཡུལ་མི་ཚོར་དམིགས་ཏེ་གཏོར་རྒོལ་ནམ་ཡང་བྱེད་ཀྱི་མེད་ཅེས་ནན་བརྗོད་བྱས་པ་དང་ཆབས་ཅིག ང་ཚོས་ཡུག་རེན་གྱི་དྲག་པོའི་ལྟེ་གནས་ཁག་ལ་དམིགས་ཚད་བཟུང་སྟེ་གཏོར་རྒོལ་བྱེད་ཀྱི་ཡོད་ཅེས་བཤད་འདུག ཡང་ཨུ་རུ་སུའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་མེ་རི་ཡཱ་ ཛཱ་ཁཱ་རོ་ཝཱ་ཡིས་ཡུ་ཀེ་རེན་གྱི་ཕྲུ་གུའི་སྨན་ཁང་ལ་གཏོར་རྒོལ་བྱུང་བ་དེ་ནི་ཡུ་ཀེ་རེན་གྱིས་བར་སྣང་ཐོག་མེ་ཤུགས་འཕུར་མདེལ་འཕེན་གཏོང་བྱས་པ་དེ་སྨན་ཁང་དེའི་ཐོག་ལྷུང་ལུགས་འགྲེལ་བརྗོད་འདུག ཡུ་ཀེ་རེན་གྱི་བདེ་འཇགས་ལས་དོན་ཁང་གིས་མེ་ཤུགས་འཕུར་མདེལ་གྱི་གཏོར་རྒོལ་བྱུང་ཡུལ་དུ་བརྒྱབས་པའི་འདྲ་པར་ནང་འགས་ཐོར་དང་ཆག་རོར་གྱུར་བའི་མེ་ཤུགས་འཕུར་མདེལ་དེ་དག་ཨུ་རུ་སུས་བཟོས་པའི་ཀེ་ཧེཆ་༡༠༡རྟགས་ཅན་གྱི་མེ་ཤུགས་འཕུར་མདེལ་ཡིན་པ་ར་སྤྲོད་བྱུང་ཡོད་སྟབས་འགན་འཁྲི་རྣམས་ཨུ་རུ་ལ་ཡོད་རེད་ཅེས་དང་། བྱ་སྤྱོད་དེ་ནི་དམག་དོན་ཁྲིམས་འགལ་ཉེས་ཅན་གྱི་བྱ་སྤྱོད་ཞིག་རེད་ཅེས་ཡུ་ཀེ་རེན་གྱི་བདེ་འཇགས་ལས་དོན་ཁང་གི་ཞིབ་འཇུག་བྱེད་མཁན་ཚོས་འགྲེལ་བརྗོད་བྱས་འདུག

ཨ་རི་རླུང་འཕྲིན་ཁང་གི་གསར་ཁང་ནས་བཏུས།

གསར་འགོད་པ། ཀུན་བཟང་སྒྲོལ་མ།

ཞུ་དག་རྩོམ་སྒྲིག་པ། རྣམ་རྒྱལ་ཤཱསྟྲཱི།

གླེང་སྟེགས།

XS
SM
MD
LG