༄༅།། ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་མེཀ་ཇཱོན་སན་གྱིས་གཞུང་གྲོན་དངུལ་རྩིས་ཁོངས་ནས་སྨན་བཅོས་རོགས་དངུལ་གཅོག་གི་མེད་ཟེར། སྲིད་འཛིན་ཊམ་གྱི་དགོས་འདུན་ལྟར་དངུལ་རྩིས་གཏན་འབེབས་བྱ་དགོས་ན་སྨན་བཅོས་རོགས་དངུལ་མ་བཅག་པར་གཞུང་གྲོན་བསྲི་ཚགས་བྱ་ཐུབ་ཐབས་མེད་པར་སྣང་། ཕྱི་ཟླ་༢་པའི་ཚེས་༢༦་ཉིན་པོ་ལི་ཊི་ཀོ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། གྲོས་ཚོགས་འོག་མའི་ནུས་ཤུགས་ཚོགས་ཆུང་དང་ཚོང་དོན་ཚོགས་ཆུང་གཉིས་ལ་གཞུང་གྲོན་ཨ་སྒོར་ཐེར་འབུམ་༨༨༠་གཅོག་དགོས་པའི་བཀའ་ཕབ། གྲོས་ཚོགས་འོག་མའི་སྤྱི་མཐུན་ཚོགས་པའི་འཐུས་མི་ཚོས་མངའ་སྡེ་ཁག་གི་དབུལ་ཕོངས་མང་ཉུང་ལ་གཞིགས་ནས་སྨན་བཅོས་རོགས་དངུལ་སྤྲོད་པའམ། ཡང་ན་མངའ་སྡེ་ཁག་ལ་སྨན་བཅོས་རོགས་དངུལ་ཚད་ངེས་ཅན་ཞིག་སྤྲོད་དགོས་པའི་འགྱུར་བཅོས་གང་འདྲ་ཞིག་བཏང་རུང་སྨན་བཅོས་རོགས་དངུལ་ཉུང་དུ་མ་བཏང་བར་གཞུང་གྲོན་བསྲི་ཚགས་བྱེད་པའི་ཐབས་ལམ་ཤིག་མི་རྙེད།།
སྲིད་འཛིན་ཊམ་གྱིས་གཞུང་གྲོན་ཁོངས་ནས་ཨ་སྒོར་ཁྲག་ཁྲིག་ཆེན་མོ་༢་གཅོག་དགོས་ཞེས་གྲོས་གཞི་བཏོན། དབུས་གཞུང་གིས་སྨན་བཅོས་རོགས་དངུལ་བཅད་པ་རྣམས་མངའ་སྡེ་ཁག་ལ་ཁ་གསབ་བྱེད་དུ་འཇུག་ཏུ་འཇུག་རྒྱུའི་འཆར་གཞི་ཡིན་མོད། གལ་སྲིད་མངའ་སྡེ་ཁག་གིས་དངུལ་སྒོར་དེ་ཁ་གསབ་བྱས་མ་ཐུབ་ན་དབུལ་ཕོངས་ཚོར་སྨན་བཅོས་རོགས་དངུལ་ཆད་རྒྱུ་ཡིན་ཞིང་། ཨ་རིའི་སྨན་བཅོས་རོགས་དངུལ་(Medicaid)་ཟེར་བ་ནི་དབུས་གཞུང་དང་མངའ་སྡེ་གཞུང་མཉམ་འབྲེལ་གྱིས་མི་མང་དབུལ་ཕོངས་དང་འཁོས་ཀ་ཞན་པ། ནད་པ་དང་རྒན་རྒོན་ཁེར་རྐྱང་། བཟའ་ཉོག་མང་པོ་གསོ་རྒྱུ་ཡོད་པའི་ཁྱིམ་ཚང་ཁག་སྟེ། མི་གཅིག་ལ་ལོ་རེར་ཡོང་འབབ་ཨ་སྒོར་༢༠༧༨༣་དང་བཟའ་མི་གཉིས་ལ་ཨ་སྒོར་༢༨༢༠༠་ཡས་མས། བཟའ་མི་༣་ཅན་ཞིག་ལ་ཨ་སྒོར་༣༥༥༠༠་ཙམ། བཟའ་མི་༤་ཅན་ཞིག་ལ་ཨ་སྒོར་༤༣༠༠༠་ཡས་མས་དང་བཟའ་མི་༥་ཅན་ཞིག་ལ་ཨ་སྒོར་༥༠༤༠༠་ཙམ་ལས་མེད་པ་ཚོར་སྤྲོད་ཀྱི་ཡོད་པའི་སྨན་བཅོས་ཀྱི་རོགས་དངུལ་ལ་གོ་དགོས།།
ཁ་སང་གཟའ་ལྷག་པའི་ཉིན་ཚོགས་གཙོ་ཇཱོན་སན་ནས་སྲིད་འཛིན་ཊམ་གྱིས་ཨ་སྒོར་ཁྲག་ཁྲིག་ཆེན་མོ་༤.༥་དཔྱ་ཁྲལ་གཅོག་དགོས་ཟེར་གྱི་ཡོད་པ་བཅག་ཀྱང་གཞུང་གྲོན་འཕར་མི་སྲིད། དཔྱ་ཁྲལ་གཅོག་རྒྱུ་དེ་གནས་ལུགས་ལ་མཐུན་པ་ཞིག་རེད་ཅེས་བཀྲལ། སྲིད་འཛིན་ཊམ་གྱིས་༢༠༡༧་ལོར་ཨ་རིའི་ཕྱུག་བདག་ཚོར་དཔྱ་ཁྲལ་བཅག ༢༠༢༥་ཡི་ལོ་མཇུག་འདིར་དཔྱ་ཁྲལ་བཅག་པའི་དུས་ཡུན་རྫོགས་ཏེ་ཕྱུག་བདག་ཚོར་དཔྱ་ཁྲལ་མཐོ་རུ་འགྲོ་རྒྱུ་ཡིན་པས་སྲིད་འཛིན་ཊམ་གྱིས་དཔྱ་ཁྲལ་གཏན་དུ་གཅོག་དགོས། ཕྱུག་བདག་ཚོར་དཔྱ་ཁྲལ་བཅག་ན་དངུལ་སྒོར་མ་རྩ་བཙུགས་ནས་ཚོང་ལས་འཕེལ་རྒྱས་གཏོང་ཐུབ་ཅེས་སྒྲུབ་བྱེད་བཀོད། དཔལ་འབྱོར་རིག་པ་བ་ཚོས་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་གོང་འོག་གི་འཐུས་མི་ཚོས་སྲིད་འཛིན་ཊམ་གྱི་འཆར་གཞི་ལྟར་དཔྱ་ཁྲལ་བཅག་ན་ཨེ་ལཱོན་མ་སིཀ་དང་ཇཱེབ་བྷེ་ཟོ། བྷིལ་གྷེ་ཊི་ལྟ་བུའི་ཨ་རིའི་ཕྱུག་བདག་མི་འབོར་བརྒྱ་ཆ་༡་ལ་ཁེ་ཕན་གཙོ་བོ་འཐོབ་རྒྱུ་དང་མི་དམངས་བྱིངས་ལ་ཕན་ཐོགས་མི་འདུག་ཅེས་བསྟན།།
ཕྱི་ཟླ་༢་པའི་ཚེས་༢༥་ཉིན་ནེའུ་ཡོཀ་དུས་བབ་ཚགས་པར་ལ་གསར་འགྱུར་ཐོན་པ་ལྟར་ན། དབུལ་ཕོངས་དང་ནད་པ་བཅས་ཨ་མི་རི་ཀ་བ་ས་ཡ་༧༢་སྨན་བཅོས་རོགས་དངུལ་འབའ་ཞིག་ལ་བརྟེན་འདུག གྲོས་ཚོགས་འཐུས་མི་ཚོས་གཞུང་གྲོན་བསྲི་ཚགས་བྱ་ས་གཞན་ཞིག་མ་རྙེད་ཚེ། སྨན་བཅོས་རོགས་དངུལ་དང་འཕྲོད་བསྟེན་འགན་སྲུང་(Medicare)་གཉིས་ཀྱི་གང་རུང་ལ་ལག་པ་མ་འཆང་ཐབས་མེད་རེད། འཕྲོད་བསྟེན་འགན་སྲུང་(Medicare)་ནི་ཨ་རིའི་གཞུང་གིས་སྤྱི་དམངས་ལོ་ན་༦༥་ཡན་ཆད་དུ་སོན་པ་དང་དབང་པོ་སྐྱོན་ཅན་ཚོར་སྤྲོད་ཀྱི་ཡོད་པའི་དབུས་གཞུང་གི་འཕྲོད་བསྟེན་འགན་སྲུང་(Health Insurance)་དེ་རེད། འཕྲོད་བསྟེན་འགན་སྲུང་(Medicare)་གི་ལམ་ལུགས་ནི་ན་གཞོན་དུས་སུ་ཟླ་ཕོགས་ནང་ནས་དངུལ་སྒོར་བཅག་སྟེ་གཞུང་གི་འཕྲོད་བསྟེན་འགན་སྲུང་ཁོངས་སུ་སྤྲད། ཕྱིས་སུ་མི་དེ་རྒས་དུས་འཕྲོད་བསྟེན་འགན་སྲུང་གི་ཐོབ་ཐང་ལེན་ཆོག་པ་ཞིག་རེད་ཅེས་གསལ་བཀྲོལ་བྱུང་།།
སྲིད་འཛིན་ཊམ་གྱིས་ཡང་ནས་ཡང་དུ་སྨན་བཅོས་འགན་སྲུང་གི་རོགས་དངུལ་གཅོག་རྒྱུ་མིན་ཞེས་བཤད་པར་མ་ཟད། སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འོག་མའི་འཐུས་མི་མང་ཆེ་བས་རྒས་ཕོགས་(Social Security)་དང་འཕྲོད་བསྟེན་འགན་སྲུང་གཅོག་རྒྱུ་མིན་ཞེས་བསྒྲགས། ཡིན་ནའང་སྲིད་འཛིན་ཊམ་དང་སྤྱི་མཐུན་ཚོགས་པའི་འཐུས་མི་ཚོས་གཞུང་གྲོན་བསྲི་ཚགས་བྱེད་པར་རྒས་ཕོགས་དང་འཕྲོད་བསྟེན་འགན་སྲུང་། སྨན་བཅོས་རོགས་དངུལ་མ་བཅག་པར་ཐབས་ཤེས་གཞན་ཞིག་རྙེད་དཀའ། གལ་སྲིད་གྲོས་ཚོགས་འོག་མའི་ནུས་ཤུགས་དང་ཚོང་དོན་ཚོགས་ཆུང་གཉིས་ཀས་འཕྲོད་བསྟེན་འགན་སྲུང་དང་སྨན་བཅོས་རོགས་དངུལ་ལ་ལག་པ་མ་འཆང་བར་ཨ་སྒོར་ཐེར་འབུམ་༢༨༠་བསྲི་ཚགས་བྱེད་ཐུབ་ཀྱང་ཨ་སྒོར་ཐེར་འབུམ་༦༠༠་ལྷག་གང་ནས་གཅོག་དགོས་སམ། སྲིད་འཛིན་ཊམ་གྱིས་ཕྱུག་བདག་ཚོར་དཔྱ་ཁྲལ་གཅོག་རྒྱུ་དང་ས་མཚམས་སུ་ལྕགས་རི་བསྐོར་རྒྱུ་སོགས་ཀྱི་དངུལ་རྩིས་ཤིག་གཏན་འབེབས་བྱ་དགོས་ཞེས་གྲོས་ཚོགས་གོང་འོག་གི་སྤྱི་མཐུན་ཚོགས་པའི་འཐུས་མི་གྲངས་མང་ལ་གནོན་ཤུགས་སྤྲོད་ཀྱི་ཡོད་པའི་གསར་འགྱུར་ཐོན་འདུག
ཕྱི་ཟླ་༢་པའི་ཚེས་༢༦་ཉིན་NorthJersery.com་དྲྭ་ཚིགས་སུ་གསར་འགྱུར་ཐོན་པ་ལྟར་ན། དབུས་གཞུང་གི་དངུལ་རྩིས་ཁོངས་ནས་སྨན་བཅོས་རོགས་དངུལ་བཅད་ན་ནེའུ་ཇར་སི་མངའ་སྡེའི་དབུལ་ཕོངས་འབུམ་༧་ལྷག་ལ་སྨན་བཅོས་རོགས་དངུལ་ཆད། མངའ་སྡེ་དེའི་སྨན་ཁང་ཁག་༥་ལ་ཉུང་ཤོས་ཨ་སྒོར་ས་ཡ་༦་ནས་༡༨་དང་། མང་ཤོས་ཨ་སྒོར་ས་ཡ་༣༥་ནས་དུང་ཕྱུར་༡་དང་འབུམ་༣་ལྷག་གྱོང་གུད་ཕོག མི་མང་དབུལ་ཕོངས་ཚོར་སྨན་བཅོས་བྱ་ཡུལ་མེད་པར་ལུས། ད་ལོ་དབུས་གཞུང་ནས་ནེའུ་ཇར་སི་མངའ་སྡེའི་སྨན་བཅོས་རོགས་དངུལ་ཨ་སྒོར་ཐེར་འབུམ་༡༤་དང་མངའ་སྡེའི་གཞུང་གིས་ཨ་སྒོར་ཐེར་འབུམ་༡༠་ཆོག་མཆན་བཀོད། དབུས་གཞུང་གི་དངུལ་རྩིས་ཁོངས་སུ་འཕྲོད་བསྟེན་དང་སྨན་བཅོས་རོགས་དངུལ་གཞན་པ་ཡོད་པ་རྣམས་བཅག་ན་ནེའུ་ཇར་སི་མངའ་སྡེར་སྨན་བཅོས་རོགས་དངུལ་ཨ་སྒོར་ཐེར་འབུམ་༢.༢་ནས་ཐེར་འབུམ་༥.༢་ཙམ་ཉུང་དུ་འགྲོ་རྒྱུ་ཡིན་པའི་གནས་ཚུལ་ཐོན་འདུག
ཕྱི་ཟླ་༢་པའི་ཚེས་༢༦་ཉིན་ནེ་ཝ་དྷ་རང་བཙན་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ནེ་ཝ་དྷ་མངའ་སྡེའི་སྤྱི་མཐུན་ཚོགས་པའི་སྤྱི་ཁྱབ་ལོམ་བྷར་དྷོས་(Lombardo)་གཞུང་གྲོན་བསྲི་ཚགས་བྱེད་དགོས་ངེས་རེད། གྲོས་ཚོགས་འཐུས་མི་ཚོས་སྨན་བཅོས་རོགས་དངུལ་གཅོག་མི་ཉན། སྨན་བཅོས་རོགས་དངུལ་བཅད་ན་མི་མང་དབུལ་ཕོངས་ཚོར་འཕྲོད་བསྟེན་ལྟ་སྐྱོང་གི་མཐུན་རྐྱེན་མེད་པར་དཀའ་ངལ་ཚབས་ཆེན་འཕྲད་ཤས་ཆེ། དབུས་གཞུང་གིས་ཝེ་ན་དྷ་མངའ་སྡེར་འཕྲོད་བསྟེན་ལྟ་སྐྱོང་གི་རོགས་དངུལ་སྤྲད་པ་རྣམས་འགྲོ་གྲོན་ཚུལ་བཞིན་བཏང་སྟེ་གྲུབ་འབྲས་གང་ལེགས་ཐོན་ཡོད། དབུས་གཞུང་གི་རོགས་དངུལ་ལ་བརྟེན་ནས་མངའ་སྡེའི་སློབ་གྲྭ་ཁག་ཏུ་འཕྲོད་བསྟེན་ཚན་པ་བཙུགས་ཏེ་ཕྲུ་གུ་དང་མི་རྒན་པའི་ཟས་བཅུད་ཡག་ཏུ་བཏང་ནས་བདེ་ཐང་དུ་གྱུར་ཡོད། ནེ་ཝ་དྷའི་མི་འབོར་འཕེལ་རྒྱས་འགྲོ་བཞིན་ཡོད་པ་དང་སྨན་བཅོས་རོགས་དངུལ་བཅད་ན་ལས་དོན་མང་དག་ཅིག་བསྒྲུབ་མི་ཐུབ་ཅེས་འབོད་སྐུལ་ཞུས།།
ཕྱི་ཟླ་༢་པའི་ཚེས་༢༦་ཉིན་ཨ་ལ་སི་ཀ་སྤྱི་དམངས་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། མངའ་སྡེ་དེའི་ཨ་རིའི་གྲོས་ཚོགས་གོང་མའི་སྤྱི་མཐུན་ཚོགས་པའི་འཐུས་མི་ལི་ས་མར་ཀོ་སི་ཀིས་(Lisa Murkowski)་གཟའ་མིག་དམར་གྱི་མཚན་མོར་གྲོས་ཚོགས་འོག་མས་གཞུང་གྲོན་བསྲི་ཚགས་ཀྱི་དངུལ་རྩིས་ཟིན་བྲིས་ཤིག་གཏན་འབེབས་བྱུང་སྟེ་དཔྱ་ཁྲལ་གཅོག་རྒྱུ་སོགས་འཁོད་འདུག མི་མང་དབུལ་ཕོངས་ཀྱི་སྨན་བཅོས་རོགས་དངུལ་གཅོད་སྲིད་པའི་རྣམ་པ་མངོན། སྨན་བཅོས་རོགས་དངུལ་བཅད་ན་དབུལ་ཕོངས་དང་ནད་པ། སྦྲུམ་མ་སོགས་ལ་སྨན་བཅོས་ཀྱི་འགྲོ་གྲོན་མེད་པར་འགྱུར་རྒྱུ་རེད་བློ་འཚབ་ཀྱི་རྣམ་འགྱུར་བསྟན། ཨ་ལ་སི་ཀ་མངའ་སྡེའི་གྲོས་ཚོགས་འོག་མའི་སྤྱི་མཐུན་ཚོགས་པའི་འཐུས་མི་ནིག་བྷེ་གྷི་ཆིས་(Nick Begich)་དངུལ་རྩིས་ཟིན་བྲིས་དེར་རྒྱབ་སྐྱོར་གྱི་འོས་ཤོག་འཕངས། ཨ་ལ་སི་ཀ་མངའ་སྡེའི་ནང་དུ་འཚོ་གནས་བྱེད་བཞིན་པའི་མི་གསུམ་རེའི་ནང་གི་གཅིག་སྨན་བཅོས་རོགས་དངུལ་འབའ་ཞིག་ལ་བརྟེན་ཡོད་པའི་གནས་ཚུལ་ཐོན་འདུག
གླེང་སྟེགས།