༄༅།། ར་ཤི་ཡས་ཁྱིམ་མཚེས་རྒྱལ་ཁབ་ཡུཀ་རེན་ལ་བཙན་འཛུལ་བྱས་མ་ཐག་ཏུ་ཐེ་ཝན་གཞུང་དམངས་གཉིས་ཨ་རི་དང་དེའི་མཐུན་གྲོགས་རྒྱལ་ཁབ་ཁག་གི་ཕྱོགས་སུ་ལངས། ཡུཀ་རེན་ལ་གདུང་སེམས་མཉམ་སྐྱེད་དང་དམག་འཁྲུག་ལ་ངོ་རྒོལ་གྱི་ལངས་ཕྱོགས་བཟུང་། ད་དུང་ཐེ་ཝན་དང་ཡུཀ་རེན་གཉིས་དམངས་གཙོའི་རྒྱལ་ཁབ་ཡིན། ཡུཀ་རེན་དང་ཐེ་ཝན་གཉིས་ཀར་སྟོབས་ཆེན་གྱི་ཁྱིམ་མཚེས་རྒྱལ་ཁབ་དེ་དག་གིས་བཙན་འཛུལ་དང་འཇིགས་སྐུལ་བྱེད་ཀྱི་ཡོད་པ་གཅིག་མཚུངས་རེད་ཅེས་བསྒྲགས། ཕྱི་ཟླ་༢་པའི་ཚེས་༢༥་ཉིན་ནེའུ་ཡོཀ་དུས་བབ་ཚགས་པར་ལ་གསར་འགྱུར་ཐོན་པ་ལྟར་ན། སྲིད་འཛིན་ཊམ་གྱིས་ཡུཀ་རེན་ལ་རྒྱབ་སྐྱོར་མ་བྱས་པར་ར་ཤི་ཡར་འབྲེལ་བ་ཡག་ཏུ་གཏོང་གི་ཡོད་པར་ཐེ་ཝན་གྱིས་བློ་འཚབ་བྱ་དགོས་པ་ཞིག་ཏུ་གྱུར། གལ་སྲིད་རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱས་ནས་དམག་འཁྲུག་བརྒྱབ་ན་ཨ་མི་རི་ཀས་མཚོ་གླིང་དེར་སྲུང་སྐྱོབ་བྱ་རྒྱུ་ཡིན་ནམ་ཞེས་སླར་ཡང་གླེང་སློང་བྱུང་།།
ཝ་ཤིང་ཊོན་གྱི་རྒྱལ་སྤྱིའི་ཐེ་ཝན་ཞིབ་འཇུག་ཁང་གི་སྤྱི་ཁྱབ་འགན་འཛིན་ར་སིལ་ཤཱའོ་(Russell Hsiao)་ཡིས་བཤད་པ་ལྟར་ན། འདས་པའི་ལོ་གསུམ་ལྷག་ལ་ཐེ་ཝན་གྱིས་དམངས་གཙོའི་ཡུལ་ལུང་ཁག་ལ་འཇིགས་སྐུལ་བྱུང་ན་འཛམ་གླིང་ལ་ཉེན་ཁ་ཆེ་ཞེས་སྒྲུབ་བྱེད་བཀོད། ད་ལྟ་ཨ་མི་རི་ཀས་ཡུཀ་རེན་གྱི་དམག་འཁྲུག་ལ་འཛིན་པའི་སྲིད་ཇུས་དེར་འགྱུར་བ་གཏོང་གི་ཡོད་པས་ཐེ་ཝན་ལ་ཤུགས་རྐྱེན་ཐེབས་རྒྱུ་ལྡོག་ཏུ་མེད། ཐེ་ཝན་མི་དམངས་ཀྱི་སེམས་སུ་དགོས་ངེས་ཀྱི་དུས་དེར་ཨ་མི་རི་ཀས་སྲུང་སྐྱོབ་བྱ་རྒྱུ་ཡིན་ནམ་ཞེས་བློ་མ་བདེ་བ་ཞིག་ཡོང་ངེས་རེད་ཅེས་བཀྲལ། རྒྱ་ནག་གིས་ལོ་བཅུ་ཕྲག་མང་པོར་ཐེ་ཝན་ལ་བཙན་འཛུལ་བྱ་རྒྱུ་ཡིན་ཞེས་འཇིགས་སྐུལ་བྱས་པ་དང་ཉེ་དུས་ཤིག་ནས་ཉིན་ལྟར་གནམ་མཚོ་གཉིས་ནས་སྡིགས་ར་བསྐུལ་རྒྱུ་ཤུགས་ཆེ་རུ་གཏོང་གི་ཡོད་ཅིང་། ཐེ་ཝན་གྱིས་རྒྱ་ནག་གི་བཙན་འཛུལ་འགོག་ཐུབ་མིན་ནི་ཨ་མི་རི་ཀས་རྒྱབ་སྐྱོར་དང་དམག་དཔུང་བཏང་ནས་འཐབ་འཁྲུག་འགོག་རྒྱུ་ཡིན་མིན་ལ་ཐུག་ཡོད་པ་བརྗོད་ཅི་དགོས།།
ཐེ་ཝན་གྱིས་རང་གི་བདེ་འཇགས་སྲུང་སྐྱོབ་དོན་དུ་ཨ་མི་རི་ཀར་ཆབ་སྲིད་དང་ཕྱི་སྲིད། རྒྱལ་སྲུང་དང་འཕྲུལ་རིག་ལག་རྩལ། དཔལ་འབྱོར་དང་ཚོང་ལས་བཅས་ཀྱི་ཡུན་རིང་གི་འབྲེལ་བ་བརྟན་པོ་ཞིག་འཛུགས་ཐབས་བྱས་མོད། གཟའ་འཁོར་སྔོན་མར་ཌོ་ནལ་ཊམ་གྱིས་གློ་བུར་དུ་ཨ་རིའི་སྲིད་ཇུས་ལ་འགྱུར་བ་བཏང་ནས་དམག་འཁྲུག་གི་ལན་ཁག་ཡུཀ་རེན་ལ་དཀྲིས། ནུབ་ཕྱོགས་རྒྱལ་ཁབ་ཁག་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་ར་ཤི་ཡར་ཁ་གཏད་གཅོག་དགོས་པའི་སྲིད་ཇུས་ལག་ལེན་བསྟར་རྒྱུ་མིན་པའི་རྣམ་འགྱུར་སྟོན་འགོ་ཚུགས། དེས་ན་ཐེ་ཝན་ཚུད་པའི་ཨ་རིའི་མཐུན་གྲོགས་རྒྱལ་ཁབ་ཁག་གིས་ཨ་མི་རི་ཀ་ཡིད་རྟོན་རུང་བའི་ཟླ་གྲོགས་ཤིག་ཡིན་ནམ་ཞེས་སོམ་ཉིའི་བར་དུ་ཚུད། དེ་བཞིན་ཐེ་ཝན་མི་དམངས་ལའང་ཨ་མི་རི་ཀས་མཚོ་གླིང་དེ་ཆུ་ལ་གཡུགས་པ་ཉུང་ཉུང་མིན། ཨ་རིའི་གཞུང་གི་ཁས་ལེན་ལ་ཡིད་ཆེས་བྱེད་མི་རུང་སྙམ་པའི་བག་ཆགས་ཤིག་ཐེབས།།
ཡུ་རོབ་ལྟ་གྲུབ་ལྟེ་གནས་ཁང་གི་སྲིད་ཇུས་ཉམས་ཞིབ་པ་མར་ཆིན་ཇཱར་སི་ཝེ་སི་ཀིས་(Marcin Jerzweski)་ཨ་རིས་ཡུཀ་རེན་གྱི་དོན་དུ་ར་ཤི་ཡར་གྲོས་མོལ་བྱེད་ཀྱི་ཡོད་ཀྱང་ཡུཀ་རེན་གྲོས་མོལ་ཁོངས་སུ་མ་བཅུག་ཚེ། ཐེ་ཝན་མི་དམངས་ཀྱིས་ཨ་མི་རི་ཀར་དོགས་ཟོན་བྱ་རྒྱུ་སྔར་ལས་སྡུག་ཏུ་འགྲོ་ངེས་རེད་ཅེས་དཔྱད་བརྗོད་སྤེལ། སྤྱི་ཚོགས་དྲྭ་ལམ་ཁག་ཏུ་མཚོ་འགག་ཕྱོགས་གཉིས་བར་དུ་དམག་འཁྲུག་ལངས་ན་ཌོ་ནལ་ཊམ་གྱིས་ཚོང་ལས་ཀྱི་འདུ་ཤེས་ཤིག་འཛིན་སྲིད་ཅེས་བསམ་ཚུལ་ཐོན། ཁ་སྔོན་གཟའ་ཉི་མའི་ཉིན་ཐེ་ཝན་དུ་བཅའ་སྡོད་ར་ཤི་ཡའི་དོན་གཅོད་ཁང་གི་མདུན་དུ་ཐེ་ཝན་པ་དང་ཡུཀ་རེན་བ་ཁག་ཅིག་གིས་ངོ་རྒོལ་ལས་འགུལ་སྤེལ། ཁོ་ཚོས་ར་ཤི་ཡ་བཙན་འཛུལ་བྱེད་མཁན་རེད་ཅེས་ཌོ་ནལ་ཊམ་གྱིས་དམག་འཁྲུག་གི་ལན་ཁག་ཡུཀ་རེན་ལ་གཡུགས་པར་དགག་པ་བརྒྱབ། ཌོ་ནལ་ཊམ་གྱིས་འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་སྐབས་སུ་ཨ་མི་རི་ཀས་ཐེ་ཝན་ལ་སྲུང་སྐྱོབ་བྱ་དགོས་ན་སྲུང་སྐྱོབ་གླ་ཡོན་སྤྲོད་དགོས་ཞེས་དགོས་འདུན་བཏོན།།
ལོ་ན་༢༣་ལ་སོན་པའི་ཧྭང་ཡུའི་ཤཱང་(Huang Yu-hisang)་ཞེས་པའི་ཐེ་ཝན་གྱི་ན་གཞོན་ཞིག་གིས་ཌོ་ནལ་ཊམ་གྱིས་ངོ་མར་ཡུཀ་རེན་འདོར་རྒྱུ་ཡིན་མིན་ཤེས་ཀྱི་མེད། ཅི་སྟེ་དེ་རིང་ཡུཀ་རེན་དོར་བ་ཡིན་ན་སང་ཉིན་ཐེ་ཝན་འདོར་རྒྱུ་ཡིན་ནམ། ཁོ་ཚོས་ལྟ་གྲུབ་གཙིགས་སུ་མ་བཟུང་ན་ཐེ་ཝན་འདོར་ཤས་ཆེ། ཐེ་ཝན་ནི་གཡོ་བ་མེད་པར་དམངས་གཙོའི་ལམ་ལུགས་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་རེད་ཅེས་ལྟ་ཚུལ་བརྗོད། གཟའ་འཁོར་འདིར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་འདུའི་ཐོག་ཏུ་ཨ་མི་རི་ཀ་དང་ར་ཤི་ཡ། བྱང་ཀོ་རི་ཡ་དང་ཨི་རན་སོགས་ཕྱོགས་གཅིག་བྱས་ནས་འོས་ཤོག་འཕངས། ཡུཀ་རེན་གྱི་བདག་དབང་དང་མངའ་ཁོངས་གཅིག་བུ་གཅིག་གྱུར་ལ་བརྩི་འཇོག་བྱ་དགོས། ར་ཤི་ཡས་བཙན་འཛུལ་དམག་འཁྲུག་བསླངས་པ་རེད་ཅེས་འཁོད་པའི་རྒྱལ་ཚོགས་ཀྱི་གྲོས་ཆོད་ལ་རྒྱབ་སྐྱོར་མ་བྱས་པས་ཡུ་རོབ་རྒྱལ་ཁབ་ཁག་དང་ཨ་རིའི་མཐུན་གྲོགས་རྒྱལ་ཁབ་ཁག་ཧང་སང་། ཉམས་ཞིབ་པ་ཚོས་ཞི་ཅིན་ཕིང་གིས་ཨ་མི་རི་ཀར་ཚོང་ལས་ཀྱི་ཁེ་ཕན་ཅུང་ཟད་སྤྲད་ན་ཌོ་ནལ་ཊམ་གྱིས་ཐེ་ཝན་བཙོང་སྲིད་ཅེས་གླེང་གི་ཡོད་པའི་གནས་ཚུལ་ཐོན་འདུག
ནེའུ་ཡོཀ་དུས་བབ་ཚགས་པར་གྱི་གསར་འགོད་པས་ཐེ་ཝན་གྱི་ཕྱི་སྲིད་བློན་ཆེན་ཟུར་པ་ཝུ་ཀྲའོ་ཤེ་(Joseph Wu)་ལ་ཨ་རིས་ཡུཀ་རེན་ལ་རྒྱབ་སྐྱོར་བྱ་རྒྱུ་མཚམས་འཇོག་བྱས་ནས་ར་ཤི་ཡར་ཁེ་ཕན་ཡོད་པའི་གྲོས་མཐུན་ཞིག་ཡུཀ་རེན་ལ་བཙན་གྱིས་ངོས་ལེན་བྱེད་དུ་འཇུག་སྲིད་དམ་ཞེས་དྲིས། ཝུ་ཀྲའོ་ཤཱེས་ངས་ལོ་༦་ལྷག་ལ་ཕྱི་སྲིད་བློན་ཆེན་གྱི་གོ་གནས་ཐོག་ཏུ་སྲི་ཞུ་བསྒྲུབས་པ་ཡིན། ངས་གནད་དོན་ཁག་ཅིག་བཤད་ཆོག་པ་དང་གནད་དོན་ཁག་ཅིག་བཤད་ཆོག་གི་མ་རེད། ང་ཚོས་ཐེ་ཝན་ལ་སྟོབས་ཤུགས་ལྡན་པའི་རང་གི་དམག་དཔུང་ཞིག་དགོས་པ་ཤེས་ཡོད། ང་ཚོའི་ལས་དབང་ནི་རང་གི་ལག་ཏུ་ཡོད་པ་རེད་ཅེས་ལན་བཏབ། སྲིད་འཛིན་ལེ་ཆིང་ཏེ་དང་གཞུང་འབྲེལ་མི་སྣ་ཚོས་ཌོ་ནལ་ཊམ་ལ་ཕོག་ཐུག་མི་གཏོང་བའི་གཟབ་ནན་དང་ཨ་རིར་འབྲེལ་བ་ཡག་པོ་ཡོད་པའི་རྣམ་པ་སྟོན་ཐབས་སུ་འབད། བདུན་ཕྲག་སྔོན་མར་བདེ་འཇགས་ཚོགས་འདུ་ཞིག་གི་ཐོག་ཏུ་ལེ་ཆིང་ཏེས་ཐེ་ཝན་ནི་དམངས་གཙོར་རྒྱབ་སྐྱོར་བྱས་ནས་ར་ཤི་ཡ་དང་རྒྱ་ནག ཨི་རན་སོགས་བཙན་དབང་རིང་ལུགས་ལ་ངོ་རྒོལ་བྱེད་མཁན་ཞིག་ཡིན་ཞེས་བསྒྲགས།།
ཕྱི་ཟླ་༢་པའི་ཚེས་༢༦་ཉིན་ཧྥ་རན་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གིས་ཐེ་ཝན་ལྷོ་ཕྱོགས་ནས་རྒྱང་ཐག་སྤྱི་ལེ་༧༤་ཡི་མཚམས་སུ་འཐབ་འཛིང་གནམ་གྲུ་༣༢་བཏང་ནས་མཚོ་དམག་དང་མཉམ་འབྲེལ་གྱིས་འཕུར་མདེལ་ངོ་མ་འཕངས་ནས་དམག་སྦྱོང་ཞིག་མགོ་བརྩམས། དེ་རིང་གཟའ་ལྷག་པའི་ཉིན་ཐེ་ཝན་གྱི་སྐམ་མཚོ་གནམ་གསུམ་གྱི་དཔུང་སྡེ་ཁག་གིས་རྒྱ་ནག་གི་དམག་སྦྱོང་ལ་དོ་སྣང་དང་རང་སྲུང་གི་གྲབས་བཤམས། རྒྱ་ནག་གི་དམག་སྦྱོང་དེ་རྒྱལ་སྤྱིའི་མཁའ་ལམ་འགྲིམ་འགྲུལ་དང་མཚོ་ཐོག་གི་སྐྱེལ་འདྲེན་སོགས་ལ་ཉེན་ཁ་ཤིན་ཏུ་ཆེ། ཐེ་ཝན་ལ་གའོ་ཤུང་དང་ཕིང་ཏུང་ས་གནས་གཉིས་སུ་གནམ་དམག་དང་མཚོ་དམག་གི་དམག་སྒར་ཡོད་པས་རྒྱ་ནག་གིས་དེ་ལ་དམིགས་ནས་དམག་སྦྱོང་བྱེད་ཀྱི་ཡོད་པ་ཡིན་སྲིད། ཐེ་ཝན་གྱི་རྒྱལ་སྲུང་ལྷན་ཁང་ནས་རྒྱ་ནག་གིས་ཁ་ནས་ཞི་བདེ་མཉམ་གནས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱ་དགོས་ཟེར་བ་དང་དོན་དམ་དུ་དམག་སྦྱོང་བྱེད་ཀྱི་ཡོད་པ་གཉིས་རྒྱབ་འགལ་རེད་ཅེས་གསལ་བསྒྲགས་སྤེལ།།
ཕྱི་ཟླ་༢་པའི་ཚེས་༢༥་ཉིན་དབྱིན་ཇིའི་དུས་བབ་ཚགས་པར་ལ་གསར་འགྱུར་ཐོན་པ་ལྟར་ན། ཐེ་ཝན་གྱིས་རྒྱ་ནག་གི་གྲུ་གཟིངས་ཤིག་བཀག་ཉར་བྱས་ནས་མཚོ་འོག་གློག་སྐུད་བཅད་པའི་ནག་ཉེས་བཙུགས། ཉམས་ཞིབ་པ་ཚོས་མཚོ་འགག་ཕྱོགས་གཉིས་བར་དུ་དམག་འཁྲུག་ལངས་ན་རྒྱ་ནག་གིས་མཚོ་འོག་གློག་སྐུད་བཅད་ནས་ཐེ་ཝན་ལ་ཕྱི་ནང་གི་འབྲེལ་བ་ཆད་སྲིད་པའི་ཚོད་དཔག་བྱས་ཤིང་། ཉི་མ་རེ་ཟུང་སྔོན་དེར་ཐེ་ཝན་གྱི་ཁ་པར་ལས་ཁུངས་ཤིག་གི་མཚོ་འོག་གློག་སྐུད་བཅད་ནས་བརྡ་འཕྲིན་གྱི་འབྲེལ་མཐུད་ཆད་པ་གཞུང་ལ་སྙན་སེང་ཞུས། དེ་ནས་ཐེ་ཝན་གྱི་མཚོ་སྲུང་ཉེན་རྟོག་པས་ཧོང་ཐེ་ཞེས་པའི་རྒྱ་ནག་གི་གྲུ་གཟིངས་དེ་བཀག གཟའ་ལྷག་པའི་ཉིན་རྒྱ་ནག་གཞུང་ནས་མཚོ་འོག་གློག་སྐུད་བཅད་པ་དེ་རྒྱ་ནག་རེད་ཅེས་ཐེ་ཝན་གྱིས་ཀླན་ཀ་འཚོ་གྱི་འདུག མཚོ་འོག་གློག་སྐུད་གཅོད་མཁན་སུ་ཡིན་རྩད་གཅོད་མ་ཐུབ་གོང་དུ་རྒྱ་ནག་ལ་ནག་ཉེས་འཛུགས་ཀྱི་ཡོད་པ་རེད་ཅེས་སྐྱོན་བརྗོད་བྱས་པའི་གསར་འགྱུར་ཐོན་འདུག
གླེང་སྟེགས།