ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༤/༡༢/༢༣

སྤྱི་འཐུས་ཀྱི་དཀའ་རྙོག་སེལ་བའི་ནང་མོལ་ཚོགས་འདུ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། བྱང་ཨ་རི་དང་ཡུ་རོབ། ཨོ་གླིང་གི་བོད་པའི་སྤྱི་འཐུས་ལྔ་པོ་ཐུན་མོང་གིས་འབད་བརྩོན་ཞུས་པ་བཞིན་ཕྱི་ཟླ་༩་པའི་ཚེས་༢༧་དང་༢༨་གཉིས་ལ་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་གངས་ཅན་སྐྱིད་གཤོངས་ཀྱི་སྲིད་སྐྱོང་ཚོགས་ཁང་དུ་སྐབས་བཅུ་བདུན་པའི་གྲོས་ཚོགས་ཀྱི་དཀའ་རྙོག་སེལ་བའི་ཐབས་ལམ་ཞེས་བརྗོད་གཞིའི་འོག་སྐབས་བཅུ་བདུན་པའི་སྤྱི་འཐུས་ཀྱི་ནང་མོལ་ཚོགས་འདུ་ཞིག་འཚོགས་བཞིན་ཡོད་ཅིང་། ཕྱི་རྒྱལ་གྱི་སྤྱི་འཐུས་ཁག་ཅིག་ལ་བཅར་འདྲི་ཞུ་ཐབས་བྱས་ཀྱང་ཚོགས་འདུའི་ནང་མོལ་སོགས་ལ་འབྲེལ་བ་ཡོད་པའི་་གནད་དོན་རྣམས་གསར་ལམ་ཁག་ཏུ་གསལ་བསྒྲགས་སྤེལ་རྒྱུ་མིན་ཞེས་ལན་འདེབས་བྱས་འདུག ད་ལན་གྱི་ཚོགས་བཅར་བ་ཚོར་བཀྲམ་པའི་ཡིག་ཆའི་ནང་དུ་འཁོད་དོན་ལྟར་ན། ཚོགས་འདུའི་ཐོག་ཏུ་གོ་སྒྲིག་པས་གསུང་བཤད་གནང་རྒྱུ་དང་ཚོགས་འདུ་གཙོ་སྐྱོང་བ་གཉིས་ཀྱིས་ཚོགས་ཐོག་ཏུ་ཐག་གཅོད་གནང་རྒྱུ། ཚོགས་འདུའི་ཐག་གཅོད་ཀྱི་རྒྱུད་རིམ་ཀྱང་སྤྱི་མོས་བྱུང་ན་སྨོས་མེད། དེ་མིན་ཚོགས་མི་གསུམ་ཆའི་གཉིས་ཀྱིས་མོས་མཐུན་ཐག་གཅོད་བྱ་དགོས་ཞེས་བཀོད།།

ད་ཐེངས་ཀྱི་ཚོགས་བཅར་བ་ཡོངས་ཀྱིས་སྲུང་བརྩི་ཞུ་དགོས་པའི་སྒྲིག་ལམ་ནི་ཚོགས་ཞུགས་པ་ཚོས་བཀའ་མོལ་གནང་དགོས་ན་ཕྱག་བརྐྱངས་ཏེ་གཙོ་སྐྱོང་བར་བརྡ་སྟོན་དགོས་པ་དང་མིང་འབོད་བྱུང་མཚམས་སུ་བཀའ་མོལ་གནང་རྒྱུ། གཙོ་སྐྱོང་བས་མིང་འབོད་མ་བྱུང་བར་དུ་རང་མཚམས་ཀྱིས་བཀའ་མོལ་གནང་མི་ཆོག་པ། བཀའ་མོལ་དུས་ཡུན་རིང་ཐུང་སྐར་མ་ལྔ་རེ་དང་བསྐྱར་དུ་གོ་སྐབས་ལེན་མཁན་བྱུང་ན་སྐར་མ་གསུམ་རེ་སྤྲོད་རྒྱུ། དེ་བཞིན་ཚོགས་ཞུགས་པ་ཞིག་གིས་བཀའ་མོལ་གནང་བཞིན་པའི་སྐབས་དེར་གཞན་ཞིག་གིས་བར་མཚམས་བཅད་ནས་བཀའ་མོལ་གནང་མི་ཆོག་པ། གྲོས་གཞི་ལ་འབྲེལ་བ་མེད་པ་བཤད་མི་ཆོག་པ། ཕ་རོལ་པའི་སྐད་ཆར་མཉན་དགོས་པ་དང་སོ་སོའི་འདོད་པར་མ་མཐུན་པ་བྱུང་ན་ཚོགས་ཁང་ནས་ཕྱི་ལ་འབུད་པའམ། རྣམ་འགྱུར་ངན་པ་སྟོན་མི་ཆོག་པ། བཀའ་མོལ་གནང་སྐབས་ཚིག་མཚོན་འདེབས་མི་ཆོག་པ་དང་མིང་འབོད་བྱེད་མི་དགོས་པ་གཙོ་འདོན་གནང་དགོས། སྒེར་སོ་སོས་སྒྲ་འཇུག་དང་བརྙན་ལེན་པ་གཏན་ནས་བྱེད་མི་ཆོག་པར་མ་ཟད། ནང་ཁུལ་གྱི་ཚོགས་འདུ་མཇུག་མ་བསྒྲིལ་བར་དུ་སྒེར་སོ་སོའི་སྤྱི་ཚོགས་དྲྭ་རྒྱ་དང་བརྒྱུད་ལམ་ཁག་ཏུ་གང་བྱུང་བཤད་མི་ཆོག་ཅེས་དོན་ཚན་བརྒྱད་འཁོད་འདུག

ཚོགས་འདུའི་ཟིན་བྲིས་ཚོགས་ཆུང་གི་ཚོགས་མིའི་ཡོང་ཁུངས་ཀྱང་ཆོལ་ཁ་དང་ཆོས་བརྒྱུད་ནས་མི་རེ་དང་ཕྱི་རྒྱལ་ནས་མི་གཅིག་བཅས་ཁྱོན་བསྡོམས་མི་ལྔ་གཏན་ཁེལ་བྱུང་འདུག ཚོགས་ཐོག་ཏུ་གཏན་འབེབས་བྱུང་བའི་གནད་དོན་རྣམས་ཚོགས་འདུ་གཙོ་སྐྱོང་བ་གཉིས་ཀྱིས་གཞུག་ཏུ་གསར་འགོད་གསལ་བསྒྲགས་སྤེལ་རྒྱུ། ནང་མོལ་ཚོགས་འདུ་འདིར་ཨོ་གླིང་དང་ཨེ་ཤི་ཡའི་སྐུ་ཚབ་བསྟན་འཛིན་ཕུན་ཚོགས་མ་གཏོགས་གཞན་རྣམས་ཕེབས་ཐུབ་པ་ཡོད་ཅིང་། ནང་མོལ་ཚོགས་འདུ་འདི་སྤྱི་འཐུས་ནང་ཁུལ་ནས་གོ་སྒྲིག་གོ་སྒྲིག་བྱས་པ་ཞིག་ཡིན་པས་ལམ་གྲོན་དང་བཞུགས་གནས་བཅས་ཀྱི་འགྲོ་གྲོན་ཆ་ཚང་རང་ངོས་ནས་གཏོང་གི་ཡོད་པ་བཅས་ཀྱི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་འདི་གའི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG