ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༤/༡༢/༢༣

ཇན་ཏར་མན་ཏར་དུ་བོད་མིའི་རང་དབང་སྒེར་ལངས་ལས་འགུལ་སྤེལ་བ།


ལྡི་ལི་ཇན་ཏར་མན་ཏར་དུ་བོད་མིའི་རང་དབང་སྒེར་ལངས་སྲུང་བརྩི་ཞུས་པའི་ཐོག་རྒྱ་གར་གཞུང་མང་གཉིས་ག་དུས་ཡིན་ནའང་བོད་དང་བོད་མི་དང་མཉམ་དུ་ཡོད་པའི་བརྡ་ལན་གནང་སོང་།

དེ་རིང་བོད་མིའི་འདུས་སྡོད་ས་གནས་གང་སར་བོད་མིའི་རང་དབང་སྒེར་ཐེངས་༦༥ པ་སྲུང་བརྩི་ཞུ་བཞིན་པ་དེའི་ཁྲོད། རྒྱ་གར་གྱི་རྒྱལ་ས་ལྡི་ལིར་གནས་འཁོད་བོད་མི་རྣམས་ཇན་ཏར་མན་ཏར་ས་ཚིགས་སུ་འདུ་འཛོམས་ཀྱིས་དུས་དྲན་སྲུང་བརྩི་ཞུས་སོང་བ་དང་། ལྷག་པར་དུ་དེ་རིང་ཉིན་མོ་འདིའི་ཐོག་ནས་དཀའ་སྡུག་འོག་ཡོད་པའི་གཞིས་ལུས་རྒྱ་ཆེ་མང་ཚོགས་སྤྱི་དང་བྱེ་བྲག་ཏུ་སྡེ་དགེའི་ཁུལ་གྱི་མང་ཚོགས་ལ་སྐྱིད་སྡུག་མཉམ་མྱོང་ཞུས་གནང་ཡོད་པ་རེད།

སྤྱིར་ཇན་ཏར་མན་ཏར་ས་ཚིགས་དེ་རྒྱ་གར་མང་ཚོགས་ཀྱི་ལས་འགུལ་སྤེལ་སའི་སྡིངས་ཆ་གནད་དགག་ཅིག་ཀྱང་ཆགས་ཀྱི་ཡོད་པ་རེད། བོད་དོན་ཐོག་ཡུན་རིང་ནས་རྒྱབ་སྐྱོར་གནང་མཁན་སྙན་གྲགས་ཆེ་བ་JNUགཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཆེན་མོ་ཟུར་པ་དང་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨ་ནན་ཀུ་མར་ལགས་ཀྱིས་༧གོང་ས་མཆོག་གི་དབུ་ཁྲིད་དང་བོད་རྒྱལ་ཁབ་ཆེད་དུ་བློས་གཏོང་གནང་མཁན་གྱི་རྒྱལ་གཅེས་པ། དེ་བཞིན་བཙན་བྱོལ་ནང་གི་གཞོན་ནུའི་སེམས་ཤུགས་ནི་བོད་མིའི་འཐབ་རྩོད་ཀྱི་ཀ་བ་གསུམ་དུ་འགྲེལ་བརྗོད་ཀྱིས་ང་ཚོ་རྒྱ་གར་མི་མང་དང་གཞུང་གཉིས་ག་དུས་ཡིན་ཡང་བོད་མི་དང་མཉམ་དུ་ཡོད་པའི་རྒྱབ་སྐྱོར་གྱི་གསུང་བཤད་གནང་བྱུང་།

ཐེངས་འདིའི་ལས་འགུལ་སྣེ་ཁྲིད་གནང་མཁན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་འགན་འཛིན་ཡེ་ཤེས་ཆོས་འཕེལ་ལགས་ཀྱིས་དེ་རིང་ཉིན་མོ་འདི་ནི་རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་། མི་རིགས་དང་བཅས་པར་དཀའ་སྡུག་ཇི་སྙེད་ཅིག་བཟོས་པའི་དུས་དྲན་གལ་ཆེ་ཡིན་པ་གསུང་སོང་།

རྡེ་ར་རྡུན་བདེ་སྐྱིད་གླིང་གཞིས་ཆགས་དང་ཚེ་རིང་དོན་ལྡན་གཞིས་ཆགས་ནས་ཡིན་པ་བོད་དོན་ལས་འགུལ་བ་བསྟན་འཛིན་ཚེ་རིང་ལགས་དང་འཇམ་དབྱངས་བསྟན་འཛིན་ལགས་གཉིས་ནས་འདས་པའི་ཉིན་ལྔའི་རིང་རྡེ་ར་རྡུན་ནས་རྒྱལ་ས་ལྡི་ལིར་བར་བོད་དོན་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་སྤེལ་ནས་ཉེ་ཆར་སྡེ་དགེའི་ནང་གི་གནས་ཚུལ་སྐོར་ལ་རྒྱ་གར་མང་ཚོགས་ཁྲོད་གོ་རྟོགས་གང་ཐུབ་སྤེལ་ཐབས་གནང་ཡོད་པ་གསུང་གི་འདུག

དེ་རིང་གི་ཉིན་མོ་འདིར་བོད་གར་བསམ་གླིང་སོགས་ནང་གི་ཟ་ཁང་དང་ཚོང་ཁང་ཡོངས་རྫོགས་སྒོ་བརྒྱབ་པ་དང་། ས་གནས་སུ་གནས་འཁོད་བོད་པ་ཆིག་སྟོང་བརྒལ་བས་ཚོར་ཤུགས་དྲག་པོས་རྒྱ་གཞུང་གི་དྲག་པོའི་བཙན་འཛུལ་ལ་ངོ་རྒོལ་སྐད་འབོད་གནང་ཡོད་པ་རེད། ལྡི་ལི་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་བསྟན་འཛིན་ནོར་བཟང་ཡིན།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

གླེང་སྟེགས།

XS
SM
MD
LG