ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༠༩/༠༨

ཧོང་ཀོང་གི་གྲོས་ཚོཊ་ཀྱིས་རྒྱལ་ཁབ་བདེ་འཇཊ་བཅའ་ཁྲིམས་གཏན་ལ་ཕབ།


ཧོང་ཀོང་གི་གྲོས་ཚོགས་འཐུས་མི་ཚོས་པེ་ཅིང་གི་བཀའ་ལྟར་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་གཏན་ལ་ཕབ་
ཧོང་ཀོང་གི་གྲོས་ཚོགས་འཐུས་མི་ཚོས་པེ་ཅིང་གི་བཀའ་ལྟར་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་གཏན་ལ་ཕབ་

༄༅།། ཧོང་ཀོང་གི་གྲོས་ཚོགས་འཐུས་མི་ཚོས་པེ་ཅིང་གི་བཀའ་ལྟར་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་གཏན་ལ་ཕབ་སྟེ་མངའ་ཁུལ་དེའི་མང་ཚོགས་ཀྱིས་ལོ་བཅུ་ཕྲག་མང་པོར་ངོ་རྒོལ་ལས་འགུལ་སྤེལ་བ་ནུས་མེད་དུ་གྱུར། ཉམས་ཞིབ་པ་ཚོས་བཅའ་ཁྲིམས་དེ་རྒྱ་ནག་གཞུང་ནས་ཧོང་ཀོང་ལ་མིང་ཙམ་གྱིས་རང་སྐྱོང་ཐོབ་ཐང་སྤྲོད་རྒྱུའི་ཁས་ལེན་བྱས་པའི་དགོངས་དོན་ལ་རྒྱབ་འགལ་རེད་ཅེས་བསྟན། ཕྱི་ཟླ་༣་པའི་ཚེས་༡༩་ཉིན་ནེའུ་ཡོག་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། འདས་པའི་ལོ་མང་རིང་ཧོང་ཀོང་མི་དམངས་ཀྱིས་ངོ་རྒོལ་བྱས་ཀྱང་༢༠༢༠་ལོར་རྒྱ་ནག་དམར་ཤོག་ཚོགས་པས་ཧོང་ཀོང་གི་ནང་སྲིད་ལ་ཐད་ཀར་ཐེ་ཇུས་བྱས་ནས་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ཟེར་བ་ཞིག་བཙན་གྱིས་ལག་ལེན་བསྟར། ཧོང་ཀོང་ས་གནས་སུ་ཆབ་སྲིད་ཀྱི་ལྟ་བ་ཐ་དད་འཛིན་མི་ཆོག་པ་དང་ཕྱོགས་འགལ་ཚོགས་པའི་ཚོགས་མི་རྣམས་བཙོན་དུ་འཇུག་ཆོག་པ་ཞིག་བཟོས་ཡོད་པའི་གནས་ཚུལ་ཐོན་འདུག

གཟའ་མིག་དམར་ཉིན་ཧོང་ཀོང་གི་གྲོས་ཚོགས་སུ་བྲེལ་མྱུར་གྱིས་གཏན་འབེབས་བྱས་པའི་བཅའ་ཁྲིམས་དེའི་ནང་དུ་རྒྱབ་གཏོད་དང་གྱེན་ལོག རྒྱལ་ཁབ་ཀྱི་གསང་བ་བརྐུས་འཁྱེར། གཏོར་བརླག་དང་ཕྱིའི་ཐེ་ཇུས་ཞེས་དོན་ཚན་༥་འདུས། ད་ནས་རྒྱ་ནག་གཞུང་དང་ཧོང་ཀོང་གཞུང་ལ་ངོ་རྒོལ་བྱེད་མཁན་ཚོར་ཉེན་རྟོག་པས་དྲག་གནོན་བྱེད་ཆོག་པའི་དབང་ཚད་ཆེ་རུ་བཏང་ཡོད་པ་སྟེ། རྒྱབ་གཏོད་དང་གྱེན་ལོག་སོགས་ཆབ་སྲིད་ཀྱི་ནག་ཉེས་བསགས་ན་ཚེ་བཙོན་གྱི་ཁྲིམས་ཐག་གཅོད་ཆོག་ཅིང་། ཧོང་ཀོང་ས་གནས་སུ་ཚོང་ལས་གཉེར་བཞིན་པའི་རྒྱལ་མང་དང་རྒྱལ་སྤྱིའི་བཟོ་ཚོང་ལས་ཁུངས་ཁག་ལ་ཉེན་ཁ་ཆེན་པོ་ཞིག་འཕྲད་རྒྱུའི་རྣམ་པ་མངོན། ཉམས་ཞིབ་པ་ཚོས་ཕྱི་ཟླ་༣་པའི་ཚེས་༢༣་ནས་ཧོང་ཀོང་ལ་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ལག་ལེན་བསྟར་ཏེ་ཁེ་ལས་པ་དང་སྲི་ཞུ་བ། ཁྲིམས་རྩོད་པ་དང་ཕྱི་འབྲེལ་མི་སྣ། གསར་འགོད་པ་དང་མཁས་པ་སོགས་ཀྱི་ཆེད་ལས་སྒྲུབ་ཕྱོགས་ལ་དོ་འཕོག་བྱུང་སྟེ་ཧོང་ཀོང་ལ་རྒྱལ་སྤྱིའི་གྲོང་ཁྱེར་ཞིག་གི་ངོ་བོ་ལྡན་པ་མེད་པར་འགྱུར་རྒྱུའི་ཚོད་དཔག་བྱས་འདུག

རྒྱ་ནག་གི་མཚོ་དམག་དམག་མི་ཧོང་ཀོང་གྲོང་ཁྱེར་དུ།
རྒྱ་ནག་གི་མཚོ་དམག་དམག་མི་ཧོང་ཀོང་གྲོང་ཁྱེར་དུ།

རྒྱ་ནག་གི་འགོ་ཁྲིད་ཚོའི་བློ་ཕུགས་སུ་ཧོང་ཀོང་ལ་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་སྔ་མོ་ནས་གཏན་འབེབས་བྱ་དགོས་བསམས། ༡༩༩༧་ལོར་རྒྱ་ནག་གིས་དབྱིན་ཇིའི་ལག་ནས་ཧོང་ཀོང་གི་བདག་དབང་རྩིས་བླངས། དབྱིན་ཇིའི་མི་སེར་སྤེལ་ཡུལ་དེའི་གཞི་རྩའི་བཅའ་ཁྲིམས་སུ་རྒྱ་ནག་སྐམ་ས་ཆེན་མོར་མེད་པའི་སྤྱི་དམངས་ལ་སྨྲ་བརྗོད་རང་དབང་དང་འདུ་འཛོམས་རང་དབང་། གསར་འགོད་རང་དབང་ཡོད་ཅེས་འཁོད། དབྱིན་ཇིའི་དབང་བསྒྱུར་དུས་སུ་གཏན་ལ་ཕབ་པའི་ཧོང་ཀོང་གི་གཞི་རྩའི་བཅའ་ཁྲིམས་དེ་རྒྱ་ནག་གཞུང་གིས་འགྱུར་བཅོས་བཏང་ནས་ཁྲིམས་ཡིག་དོན་ཚན་༢༣་པ་ཟེར་བ་ཞིག་བསྣན། ཐོག་མར་༢༠༠༣་ལོར་ཁྲིམས་ཡིག་དོན་ཚན་༢༣་པའམ། ཡང་ན་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་གཏན་འབེབས་བྱ་ཐབས་བྱས་ཀྱང་ཧོང་ཀོང་གི་མཐོ་རིམ་འགོ་ཁྲིད་ཚོས་རང་རང་གི་ལས་གནས་ཁག་ནས་དགོངས་པ་ཞུས་ཏེ་ལམ་ལྷོངས་མ་བྱུང་། དེའི་གཞུག་གི་ཧོང་ཀོང་གི་འགོ་ཁྲིད་ཚོ་མང་ཚོགས་ཀྱི་ངོ་རྒོལ་ལ་སྐྲག་སྟེ་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་གཏན་འབེབས་བྱ་དགོས་མིན་གླེང་སློང་བྱ་རྒྱུར་མ་འཐད།།

ཉེ་བའི་ཟླ་ཤས་གོང་ནས་རྒྱ་ནག་དམར་ཤོག་ཚོགས་པས་ཧོང་ཀོང་ས་གནས་གཞུང་ལ་ཁྲིམས་ཡིག་དོན་ཚན་༢༣་པ་ལག་ལེན་བསྟར་དགོས་ཞེས་གནོན་ཤུགས་སྤྲད། རྒྱ་ནག་གཞུང་གིས་བསྐོ་བཞག་བྱས་པའི་ཧོང་ཀོང་གི་སྤྱི་ཁྱབ་ལི་ཅ་ཁྲའོ་ཡིས་ས་གནས་དེའི་ཟིང་འཁྲུག་ཞོད་འཇགས་དང་ནུབ་ཕྱོགས་པའི་གསང་ཉུལ་ལ་འཐབ་རྒོལ་བྱེད་པར་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་གཏན་འབེབས་བྱ་དགོས་ངེས་རེད་ཅེས་རྒྱུ་མཚན་བགྲངས། ཧོང་ཀོང་གི་གྲོས་ཚོགས་འཐུས་མིའི་གྲས་སུ་པེ་ཅིང་གི་བཀོད་འདོམས་ལ་མི་ཉན་མཁན་ཡོད་པ་རྣམས་རྒྱལ་གཅེས་རིང་ལུགས་པ་མ་རེད་ཅེས་བཀག ད་ལྟའི་ཧོང་ཀོང་གི་གྲོས་ཚོགས་འཐུས་མི་མང་ཆེ་བ་རྒྱ་ནག་གི་ཕྱོགས་གཏོགས་པ་ཤ་སྟག་ཡིན་པས་པེ་ཅིང་གི་བཀའ་ལ་མི་ཉན་པ་ཞིག་འབྱུང་དཀའ། རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ཁོངས་སུ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་ཡོད་པའི་དོགས་པ་བྱུང་ཚེ། ཉེན་རྟོག་པས་ཁྲིམས་དཔོན་ལ་བཀའ་འཁྲོལ་ཞུས་ནས་དོགས་ཅན་དེས་རང་ཉིད་འདོད་པ་ཡོད་པའི་ཁྲིམས་རྩོད་པ་གླ་མི་ཆོག་པའི་བཀག་འགོག་བྱེད་ཆོག་ཅེས་བཀོད།།

ཉེན་རྟོག་པས་ཁྱི་ཁྲིད་དེ་ཧོང་ཀོང་གི་ནུབ་ཁུལ་ཀོའུ་ལུན་ཁྲིམས་ཁང་གི་ཕྱི་ལོགས་སུ་
ཉེན་རྟོག་པས་ཁྱི་ཁྲིད་དེ་ཧོང་ཀོང་གི་ནུབ་ཁུལ་ཀོའུ་ལུན་ཁྲིམས་ཁང་གི་ཕྱི་ལོགས་སུ་

འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་རྒྱ་ནག་གཞུང་ནས་ཧོང་ཀོང་ལ་རང་དབང་སྤྲོད་རྒྱུའི་ཁས་ལེན་བྱས་པ་རྩིས་མེད་བཏང་སོང་ཞེས་སྐྱོན་བཙུགས། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་དེའི་དགོས་དོན་གཙོ་བོ་ནི་རྒྱ་ནག་གཞུང་དང་ཧོང་ཀོང་གཞུང་ལ་རྒྱལ་སྤྱི་དང་ཧོང་ཀོང་གི་ས་ཐོག་ཏུ་སྐྱོན་བརྗོད་གང་ཡང་བྱ་ས་མེད་པར་གཏོང་རྒྱུའི་དམིགས་ཡུལ་རེད། རྒྱ་ནག་གཞུང་གིས་ཕྱི་རྒྱལ་དུ་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་རྒྱ་ནག་དགྲར་འཛིན་དང་སྲིད་གཞུང་གི་ཁ་གཏད་སྒྲིག་འཛུགས་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད་ཅེས་གསར་འགོད་གསལ་བསྒྲགས་སྤེལ། ཨ་རིའི་འཇོར་ཇཱི་ཊོང་སློབ་གྲྭ་ཆེན་མོའི་ཨེ་ཤི་ཡའི་ཁྲིམས་ལུགས་ལྟེ་གནས་ཀྱི་འགན་འཛིན་ཐོ་མ་སི་ཨི་ཁེ་ལོག་ནས་ཧོང་ཀོང་གི་སྤྱི་ཁྱབ་ཀྱི་དབང་ཚད་ཆེ་རུ་བཏང་བ་དེ་བློ་འཚབ་བྱེད་དགོས་པ་རེད་ཅེས་བཀྲལ། ཧོང་ཀོང་གི་སྤྱི་ཁྱབ་ཀྱིས་བཅའ་ཁྲིམས་གསར་པ་གཏན་འབེབས་བྱས་ནས་མི་ལ་ལོ་༧་ཡས་མས་རེ་བཙོན་འཇུག་གི་ཁྲིམས་ཐག་གཅོད་ཆོག་པའི་དབང་ཚད་སྤྲད།།

ཉམས་ཞིབ་པ་ཚོས་ཧོང་ཀོང་གི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ཟེར་བ་དེའི་ནང་དུ་འཁོད་པའི་རྒྱལ་ཁབ་ཀྱི་གསང་བ་བརྐུས་འཁྱེར་ཟེར་བ་དེ་གང་འདྲ་ཞིག་ལ་གོ་དགོས་སམ། རྒྱལ་ཁབ་ཀྱི་བདེ་འཇགས་བཅའ་ཁྲིམས་ཟེར་བའི་རྗོད་ཚིག་དེ་ཉིད་རྒྱ་ནག་གི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ཟེར་བ་དང་གཅིག་པ་རེད། དཔེར་ན་གསང་བ་མ་མིན་རུང་ཕྱི་རུ་བསྒྲགས་མེད་པའི་གསར་འགྱུར་ཞིག་ཀྱང་རྒྱལ་ཁབ་ཀྱི་གསང་བར་བརྩི་སྲིད། རྒྱ་ནག་གི་དབང་འཛིན་པ་ཚོའི་མིག་ལམ་དུ་གསར་འགྱུར་དེ་ཕྱི་རུ་སྒྲོགས་མཁན་ནི་རྒྱལ་ཁབ་ཀྱི་གསང་བ་བརྐུས་འཁྱེར་བྱེད་མཁན་དུ་བརྩི་ཆོག་གི་རེད་ཅེས་སྨྲས། ཧོང་ཀོང་གི་ཚོང་ལས་འགོ་ཁྲིད་ཚོས་བཟོ་ཚོང་ལས་ཁུངས་ཁག་གི་ལས་བྱེད་པ་ཚོས་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ལ་འགལ་འཛོལ་འགྲོ་སྲིད་པར་འཛེམས་ནས་ལས་དོན་ནུས་པ་ཐོན་པ་ཞིག་སྒྲུབ་མི་ཐུབ། ཚོང་ལས་ཡག་པོ་ཞིག་གཉེར་བར་གཞི་གྲངས་འདྲ་མིན་སྣ་ཞིག་ལ་ལྟ་ཀློག་བྱས་ནས་ཞིབ་འཇུག་བྱ་དགོས་པ་རེད་ཅེས་བློ་འཚབ་ཀྱི་རྣམ་འགྱུར་ཐོན།།

ཧོང་ཀོང་གི་གྲོས་ཚོགས་ཚོགས་གཙོ་ལེང་ཅུན་ཡན་
ཧོང་ཀོང་གི་གྲོས་ཚོགས་ཚོགས་གཙོ་ལེང་ཅུན་ཡན་

ཕྱི་ཟླ་༣་པའི་ཚེས་༡༩་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཧོང་ཀོང་གི་གྲོས་ཚོགས་ཚོགས་གཙོ་ལེང་ཅུན་ཡན་སོགས་ཀྱིས་ང་ཚོས་རང་གི་རྒྱལ་ཁབ་དང་ཧོང་ཀོང་གི་དོན་དུ་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་གཏན་འབེབས་བྱ་དགོས། དེ་ལ་མཇུག་འབྲས་ཅི་ཞིག་སྨིན་རུང་སྨིན་དུ་ཆུགས། ང་ཚོ་དེར་སེམས་ཁྲལ་མེད་ཅེས་གསར་འགོད་པའི་དྲི་བར་ལན་བཏབ། ཨ་རིའི་གཞུང་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཧོང་ཀོང་ལ་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ཟེར་བ་ཞིག་གཏན་འབེབས་བྱས་ནས་མངའ་ཁུལ་དེར་རང་དབང་མེད་པ་སྡུག་ཏུ་འགྲོ་ཤས་ཆེ། མི་རྣམས་བཀག་ཉར་དང་འཛིན་བཟུང་ལ་སྐྲག་ནས་ཆབ་སྲིད་ཀྱི་ལྟ་བ་ཐ་དད་ཅིག་འཛིན་མི་ཕོད་ཅེས་བསྒྲགས། བདུན་ཕྲག་སྔོན་མར་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་རྟོག་ཞིབ་ལྷན་ཚོགས་ནས་ཕྱི་སྲིད་དྲུང་ཆེ་བྷ་ལན་ཁེན་ལ་ཧོང་ཀོང་དུ་ཚོང་ལས་གཉེར་བཞིན་པའི་ཨ་རིའི་སྤྱི་དམངས་ཚོར་ཨ་མི་རི་ཀའི་གཞུང་གིས་སྲུང་སྐྱོབ་བྱ་རྒྱུ་ཤུགས་ཆེ་རུ་གཏོང་དགོས་ཞེས་འབོད་སྐུལ་ཞུས།།

རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་ཧོང་ཀོང་ཡན་ལག་ལས་ཁུངས་ཀྱིས་ཨ་མི་རི་ཀས་ཧོང་ཀོང་གི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ལ་ལོག་འགྲེལ་དང་སྐྱོན་བརྗོད། ཧོང་ཀོང་གི་ནང་སྲིད་ལ་ཐེ་གཏོགས་བྱ་རྒྱུ་འཕྲལ་དུ་མཚམས་འཇོག་བྱ་དགོས་ཞེས་ཁ་རྡུང་བཏང་ཞིང་། ཧོང་ཀོང་གི་གྲོས་ཚོགས་ལ་འཐུས་མི་༨༩་ཡོད་པ་ཚང་མས་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ལ་རྒྱབ་སྐྱོར་གྱི་འོས་ཤོག་འཕངས། སྔོན་ཆད་ཧོང་ཀོང་གི་གྲོས་ཚོགས་འཐུས་མི་རྣམས་དམངས་གཙོའི་ལྟ་བ་འཛིན་མཁན་ཡིན་མོད། འོན་ཀྱང་༢༠༢༡་ལོར་རྒྱ་ནག་གཞུང་གིས་ཧོང་ཀོང་གི་གྲོས་ཚོགས་འཐུས་མིའི་འོས་འདེམས་ལམ་ལུགས་ལ་འགྱུར་བཅོས་བཏང་ནས་རྒྱ་གཅེས་རིང་ལུགས་པ་ཞེས་རྒྱ་ནག་གི་ཕྱོགས་གཏོགས་པ་འབའ་ཞིག་བདམས། རྒྱ་ནག་གི་དབང་བསྒྱུར་འོག་ཏུ་ཧོང་ཀོང་ལ་ཞི་བདེ་བརྟན་ལྷིང་མེད་པ་དང་དམངས་གཙོའི་རང་དབང་ཉམས། འགྲོ་བ་མིའི་ཐོབ་ཐང་ལ་རྡོག་བརྫིས་ཐེབས། ཧོང་ཀོང་མི་དམངས་ཀྱི་གཞི་རྩའི་བདེ་རྩར་སྣང་མེད་གཏོང་གི་ཡོད་པའི་གནས་ཚུལ་ཐོན་འདུག

གླེང་སྟེགས།

XS
SM
MD
LG