ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༡༢/༢༤

མགོན་པོ་སྐྱིད་ལགས་ཀྱི་སྙིང་སྟོབས་དང་ཉེན་ཁ།


བོད་ཀྱི་བུད་མེད་མགོན་པོ་སྐྱིད་ལགས་ཀྱིས་རང་གི་གཅུང་བོའི་དོན་དུ་ཉེན་ཁར་མ་འཛེམས་པར་དགོས་འདུན་འདོན་བཞིན་པའི་བརྙན་དང་གནས་ཚུལ་རྣམས་ཕྱི་ལོག་ལ་ཐོན་གི་ཡོད་པ་དེ་རྩ་ཆེན་པོ་དང་རིན་ཐང་ཆེན་པོར་བརྩི་དགོས་པ་མ་ཟད། བོད་ཅེས་པའི་གནད་དོན་ཞིག་མུ་མཐུད་གླེང་བར་ལག་ཆ་གལ་ཆེན་པོ་ཞིག་ཆགས་ཡོད་ཅེས་བོད་ཀྱི་ཆབ་སྲིད་བཙོན་ཟུར་ཞིག་གིས་ངོ་སྤྲོད་གནང་སོང་།

མགོན་པོ་སྐྱིད་ལགས་ནི་བོད་དུ་ད་ལྟ་ཚེ་བཙོན་བྱེད་ཡོད་པའི་འབྱོར་ལྡན་ཚོང་བ་རྡོ་རྗེ་བཀྲ་ཤིས་ཀྱི་གཅེན་མོ་རེད་ལ། འདས་པའི་ལོ་ངོ་གཉིས་ཙམ་ལ་ཁོང་གིས་ལྷ་སར་གཅུང་བོ་རྡོ་རྗེ་བཀྲ་ཤིས་ལགས་ལ་བུ་ལོན་གཡོ་ལེན་བྱེད་པའི་ཉེས་འཛུགས་ཀྱིས་ཚེ་བཙོན་བྱེད་ཡོད་པ་དེ་དྲང་བོ་མ་རེད་ཅེས་བསྐྱར་ཞིབ་བྱེད་དགོས་པའི་དགོས་འདུན་འདོན་བཞིན་ཡོད། གནས་ཚུལ་གསར་ཤོས་ནི་སྤྱི་ཟླ་༨་ཚེས་༢༣་ཉིན་ལ་མགོན་པོ་སྐྱིད་ལགས་ལྷ་སའི་མཐོ་རིམ་མི་དམངས་ཁྲིམས་ཁང་གི་སྒོ་མདུན་དུ་སོང་ནས་རྒྱ་ནག་གི་རྩ་ཁྲིམས་གཞིར་བཟུང་རྡོ་རྗེ་བཀྲ་ཤིས་ཀྱི་གནས་སྟངས་ལ་བསྐྱར་ཞིབ་བྱེད་དགོས་པའི་ཞུ་གཏུག་སྐབས་སུ་ས་གནས་ཉེན་རྟོག་པ་ཡོང་ནས། མགོན་པོ་སྐྱིད་ལགས་ཡར་འདྲུད་མར་འདྲུད་ཀྱིས་བཙན་ཁྲིད་ངང་ཉེན་རྟོག་པའི་རླངས་འཁོར་ནང་བླུགས་ཏེ་ཉེས་རྡུང་བཏང་རྐྱེན་ནད་པར་གྱུར་བས་ནང་མི་ལེན་དུ་འགྲོ་དགོས་བྱུང་ཡོད་པ་དེའི་སྐོར་ནས་རེད།
ད་ལྟ་ཨ་རིར་བཞུགས་པའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་དོན་འགྲུབ་དབང་ཆེན་ལགས་ཀྱིས་བརྗོད་ན། ཁྲིམས་མེད་ལུགས་མེད་ཀྱི་ཁོར་ཡུག་དེ་འདྲ་ཞིག་ཏུ་མགོན་པོ་སྐྱིད་ལགས་ཀྱིས་དཔའ་ངར་ཞུམ་མེད་ངང་རང་གི་གཅུང་བོར་མ་ཉེས་ཁ་གཡོགས་བྱེད་པར་དྲང་བདེན་རྩོད་སྟངས་ཀྱི་སྙིང་སྟོབས་ནི་སྐྱེས་ཕོ་རབས་ཤིག་ལས་ཡན་ཡིན་པ་དང་། ཧ་ལས་དགོས་པ་ཞིག་ཡིན་པ་རེད། ཁོང་གིས་འགྲེལ་བརྗོད་དུ། མགོན་པོ་སྐྱིད་ལགས་ཀྱིས་རང་གི་གཅུང་བོའི་ཆེད་དུ་བློས་གཏོང་ཆེན་པོས་ཉེན་ཁར་མ་འཛེམས་པར་ལས་འགུལ་སྤེལ་བཞིན་པའི་བརྙན་དང་གནས་ཚུལ་རྣམས་ཕྱི་ལོག་ལ་ཐོན་གི་ཡོད་པ་དེ་རྩ་ཆེན་པོ་དང་རིན་ཐང་ཆེན་པོར་བརྩི་དགོས་པ་མ་ཟད། ང་ཚོས་བོད་ཅེས་པའི་གནད་དོན་ཞིག་མུ་མཐུད་གླེང་བར་ལག་ཆ་གལ་ཆེན་པོ་ཞིག་ཆགས་ཡོད་པས། གཞུང་དང་། གཞུང་འབྲེལ་མིན་པའི་ཚོགས་པ། མི་སྒེར་བ་སོགས་སུ་ཡིན་ཡང་སྙིང་རྗེ་ཟེར་ནས་སྡོད་རྒྱུ་གཅིག་པུ་མ་རེད། ལས་འགུལ་དེ་འདྲ་སྤེལ་བར་སྙིང་སྟོབས་ཆེན་པོ་དགོས་པ་རེད། ང་ཚོར་ཏན་ཏན་བྱེད་རྒྱུ་ཡོད་པ་རེད། ཅེས་གསུངས་བྱུང་། ཡང་དོན་འགྲུབ་དབང་ཆེན་ལགས་ཀྱིས་བརྗོད་ན་ཁྲིམས་ལག་བསྟར་མི་བྱེད་པའི་རྒྱལ་ཁབ་ཅིག་དང་སྤྱི་ཚོགས་ཤིག་གི་ནང་དུ་དེ་འདྲའི་ལས་འགུལ་སྤེལ་བར་སྙིང་སྟོབས་དང་བློས་གཏོང་ཆེན་པོ་དགོས་ལ། ལྷག་པར་དུ་ཉེན་ཁ་ཆེན་པོ་ཡོད་པས་མགོན་པོ་སྐྱིད་ལ་ཡང་ཉེན་ཁ་དེ་འདྲ་འཕྲད་སྲིད་པར་བློ་འཚབ་གནང་བཞིན་འདུག

དོན་འགྲུབ་དབང་ཆེན་ལགས་ནི་བོད་མི་ཕལ་ཆེ་ཤོས་ཀྱིས་གོ་ཐོས་དང་རྒྱུས་མངའ་ཡོད་པའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་ཞིག་ཡིན་པས། ཁོང་གིས་རང་གི་ཉམས་མྱོང་དང་སྦྲགས་ནས་མགོན་པོ་སྐྱིད་ལགས་ཀྱི་གནས་ཚུལ་ལ་མུ་མཐུད་དུ་དོ་སྣང་བྱེད་དགོས་པའི་འབོད་སྐུལ་ཞུ་བཞིན་འདུག ཁོང་གིས། སྤྱིར་བཏང་བློས་གཏོང་ཞེས་པ་ནི་མི་གཅིག་འཛིན་བཟུང་དང་ཉེས་རྡུང་ཕོག་པ་ལྟ་བུ་མ་རེད། དེའི་ནང་དུ་ནང་མི་ཚུད་ཡོད། སྤྱི་ཚོགས་ནས་ཁེར་རྐྱང་ལ་ཕུད་ཀི་ཡོད། དེ་ནས་གྲོགས་པོ་དང་གྲོགས་མོ་འཆམ་པོ་ཡོད་པ་ཚོས་འབྲེལ་བ་བྱེད་རྒྱུ་ཁག་པོ་ཆགས་ཀི་ཡོད་པ། འབྲེལ་བ་བྱེད་རྒྱུར་རྒྱ་ནག་གཞུང་གིས་གནོན་ཤུགས་སྤྲོད་ཀི་ཡོད། སྨན་ཁང་ལྟ་བུར་སོང་ན་སྨན་ཁང་ལ་བསྟན་མ་ཐུབ་པ་སོགས་དཀའ་ངལ་ཆེན་པོ་རེད། ཡིན་ན་ཡང་ཕྱི་ལོགས་ནས་འདི་འདྲ་དོ་སྣང་བྱེད་པ་ཡིས་གནས་སྟངས་དེར་ཁྱད་པར་ཞིག་ཏན་ཏན་འགྲོ་གི་ཡོད་པ་རེད་བསམ་གི་འདུག་ཅེས་བརྗོད་བྱུང་བར། ཕྱི་ལོགས་ནས་དོ་སྣང་དང་གླེང་སློང་བྱུང་བ་ཡིན་ན་ཁྱད་པར་འགྲོ་གི་རེད་ཅེས་པ་དེའི་གོ་དོན་ཅི་ཡིན་སྐོར་བཀའ་འདྲི་ཞུ་སྐབས། ཁོང་གིས་ལན་དུ། བཙོན་པ་ལ་བཙོན་པའི་མནར་གཅོད་ཅིག་ཡོད། ང་ལྟ་བུ་ཡིན་ན་ཆབ་སྲིད་བཙོན་པས་ང་ལ་ལས་ཀ་གོ་སྒྲིག་བྱེད་ཆོག་གི་མ་རེད། ལས་བྱེད་རང་གིས་གོ་སྒྲིག་བྱེད་དགོས་པ་རེད། མནར་གཅོད་གཏོང་བ་སོགས་བཀག་འགོག་བྱེད་ཐུབ་ཀི་ཡོད། གློད་གྲོལ་བཏང་རྗེས་ཡང་བསྐྱར་བཙོན་ཁང་ཞིག་ཏུ་སླེབས་པ་ལྟར་འགྲོ་འདུག་སྤྱོད་གསུམ་ལ་དམ་དྲག་དང་ཡར་མར་འགྲོ་བྱེད་དུས་ཆོག་མཆན་ཡི་གེ་ཞུ་དགོས་པ་ལ་སོགས་པ་དེ་འདྲའི་སྐབས་སུ། ཁོ་ཚོས་ཞི་འཇམ་པོ་བྱེད་དགོས་བྱུང་བ། དྲག་པོ་བྱེད་པའམ་ཡང་ན་ཚིག་རྩུབ་བེད་སྤྱོད་བྱེད་མི་ཕོད་པ་སོགས་ལ་ཕན་ཁེ་མང་པོ་འདུག དེ་མ་ཟད་བོད་མི་བཙོན་པ་ཚོ་བཙོན་ཁང་ནས་གློད་གྲོལ་བཏང་རྗེས་ད་དུང་ས་གནས་ཉེན་རྟོག་པ་དེ་ཚོས་བཙན་པོ་དང་དབང་ཡོད་བྱེད་བཞིན་པ་སོགས་ཀྱི་གནས་ཚུལ་བྱུང་གི་ཡོད་པ་དེ་འདྲ་ང་ལ་བཙན་དབང་བྱེད་པའི་གནས་ཚུལ་བྱུང་མེད། འདི་ཚང་མ་ཕྱི་ལོགས་ཀྱི་བོད་མིས་ཁྱབ་བསྒྲགས་དང་དོ་སྣང་བྱེད་པ་དེ་ཚོའི་ནུས་པ་ཡིན་པ་བརྒྱ་ཆ་བརྒྱ་རེད། ཚང་མ་བཙོན་པ་ཡིན་པ་གཅིག་པ་ཡིན་ཡང་ཁྱད་པར་ཤོར་གི་ཡོད་པ་རེད། འདས་པའི་ལོ་གཉིས་ཀྱི་རིང་ལ་མགོན་པོ་སྐྱིད་ལགས་ཀྱིས་དགོས་འདུན་འདོན་ཐུབ་ཀི་ཡོད་པ་དེ་ལ་ང་ཚོས་དོ་སྣང་བྱས་པ་ལ་བརྟེན་ནས་ངས་བལྟས་ན་ཁྱད་པར་ཆེན་པོ་ཞིག་ཏག་ཏག་མཐོང་གི་འདུག་ཅེས་གསུང་བྱུང་།

ཡང་དོན་འགྲུབ་དབང་ཆེན་ལགས་ཀྱིས་ཐོག་མར་འཇིགས་བྲལ་གློག་བརྙན་བཟོ་དུས་དང་། དེ་ནས་བཙོན་གྲོལ་རྗེས་ཀྱི་བོད་ནང་གི་བོད་མིའི་འཐབ་རྩོད་ཀྱི་མཁའ་དབུགས། ལོ་ངོ་བཅུ་དང་བཅོ་ལྔ་སོང་བའི་རྗེས་ཀྱི་ད་ལྟའི་བར་དུ་ཁྱད་པར་དང་འགྱུར་བ་སོང་ཡོད་མེད་བཀའ་འདྲི་ཞུ་སྐབས། ལན་དུ། ང་རང་བཙོན་གྲོལ་ཐོབ་པའི་སྐབས་སུ་ཆབ་སྲིད་བཙོན་པ་ཞིག་ཡིན་ཡང་ཁ་བཏགས་འཐེན་རྒྱུ་དང་བསུ་མ་བྱེད་རྒྱུ། གདུང་སེམས་མཉམ་བསྐྱེད་བྱེད་རྒྱུ་སོགས་བོད་མི་ཚང་མར་འགན་གཅིག་པ་ཡོད་པའི་འདུ་ཤེས་ཤུགས་ཆེན་པོ་ཞིག་སླེབས་འདུག ཡིན་ན་ཡང་རིམ་བཞིན་རྒྱ་ནག་གིས་ཆབ་སྲིད་བཙོན་པར་བསུ་མ་བྱེད་མི་ཆོག་པ་བཟོས། རྒྱ་ནག་གི་ཁྲིམས་ཟེར་བ་དེ་མ་གཞི་ནས་ང་ཚོས་ཤེས་ཀི་རེད། ཁྲིམས་ནང་བཞིན་སོང་ན་འདི་འདྲ་དཀའ་ངལ་མང་པོ་ཞིག་ཡོད་པ་མ་རེད། ཁྲིམས་ནང་བཞིན་འགྲོ་གི་མེད་ཙང་ང་ཚོ་བོད་པ་ཚོས་མྱངས་ཀི་ཡོད་པ་རེད། རྒྱ་ནག་ལ་ཁྲིམས་ཟེར་བ་ཞིག་རྩ་བ་ནས་མི་འདུག ཁྲིམས་ཀྱི་སྒང་ལ་སྐད་ཡིག་བེད་སྤྱོད་གཏོང་རྒྱུ་ཡོད་པ། ཁྲིམས་རྩོད་པ་གདན་འདྲེན་ཞུ་ཆོག་གི་ཡོད་པ་སོགས་ཡོད། ཡིན་ན་ཡང་ལག་བསྟར་བྱེད་དུ་སོང་ན་ཡོད་པ་མ་རེད། ཅེས་གསུང་བ་དང་། ཡང་། ཁོང་གིས་དྲང་བདེན་ཟེར་བ་རྒྱ་ནག་ལ་རྩ་བ་ནས་ཡོད་མ་རེད། བོད་མི་ཚོ་འཛིན་བཟུང་སྐབས་ནང་མི་ཚོར་བརྡ་རྒྱག་གི་མེད། ཁྲིམས་རྩོད་པ་སྐད་བཏང་ཆོག་གི་མེད། ཐ་ན་སོ་སོས་ཀྱང་གང་ལ་ཁྲིད་བཞིན་པ་ཤེས་མི་ཐུབ། དེ་ཡིན་དུས་སོ་སོའི་མི་ལ་སོ་སོས་བདག་པོ་རྒྱག་དགོས་པ་དང་། རྒྱ་ནག་གིས་ཁྲིམས་ལག་བསྟར་བྱེད་རུང་མ་བྱེད་རུང་། མུ་མཐུད་དུ་ང་ཚོས་གདོང་ལེན་བྱེད་དགོས་པ་གལ་ཆེན་པོ་རེད། ང་ཚོར་གདམས་ཀ་ཡོད་མ་རེད། ང་ཚོས་མུ་མཐུད་དུ་གདོང་ལེན་བྱེད་རྒྱུར་མི་མང་ལ་སྤོབས་པ་དགོས་ཞེས་ཀྱང་གསུང་བྱུང་།

བོད་ཀྱི་འབྱོར་ལྡན་ཚོང་བ་རྡོ་རྗེ་བཀྲ་ཤིས་ལགས་ནི་ལྷ་སའི་གཡག་མགྲོན་ཁང་གཙོས་པའི་གསོལ་མགྲོན་ཁང་ཁ་ཤས་ཀྱི་བདག་པོ་དང་ས་ཁང་ཚོང་ལས་གཉེར་མཁན་ཞིག་ཡིན་ཡང་། བོད་ས་ཁྱོན་ཡོངས་སུ་ངོ་རྒོལ་བྱུང་བའི་ས་བྱི་ལོའི་ཞི་རྒོལ་ཆེན་མོའི་སྐབས་ཏེ་སྤྱི་ལོ་༢༠༠༨་ལོའི་ཟླ་ ༧ པའི་ཚེས་ ༡༠ ཉིན་ལྷ་སའི་ཉེན་རྟོག་པས་འཛིན་བཟུང་བྱས་ཤིང་། ༢༠༡༠ ལོར་“བུ་ལོན་གཡོ་ལེན་”གྱི་ཉེས་མིང་འོག་ཚེ་བཙོན་གྱི་ཁྲིམས་ཐག་བཅད་དེ་ད་ལྟ་རྒྱ་ནག་གིས་བཙོན་འཇུག་བྱེད་དེ་མི་ལོ་ཧྲིལ་བོ་༡༥་སོང་ཡོད། གནས་ཚུལ་འདིའི་དོན་དུ་ལོ་གཉིས་ཙམ་གྱི་གོང་ལ་རྡོ་རྗེ་བཀྲ་ཤིས་ཀྱི་གཅེན་མོ་མགོན་པོ་སྐྱིད་ལགས་ཀྱིས་ལྷ་སའི་ཁྲིམས་ཁང་གི་སྒོ་མདུན་དང་གྲྭ་བཞི་བཙོན་ཁང་གི་སྒོ་མདུན་གཉིས་སུ་རྡོ་རྗེ་བཀྲ་ཤིས་ལགས་ལ་དྲང་བདེན་མ་ཡིན་པའི་ཁྲིམས་ཆད་ཕོད་པ་དེར་བསྐྱར་ཞིབ་བྱེད་དགོས་པ་དང་། བཙོན་ཁང་དུ་ཐུག་འཕྲད་བྱེད་དུ་འཇུག་དགོས་པ་སོགས་ཀྱི་དགོས་འདུན་འདོན་བཞིན་ཡོད། ཡིན་ན་ཡང་ལྷ་སའི་ཉེན་རྟོག་པས་མགོན་པོ་སྐྱིད་ལགས་ལ་གཅར་རྡུང་དང་འཇིགས་སྐུལ་བྱེད་བཞིན་པ་སོགས་ཀྱི་གནས་ཚུལ་རབ་དང་རིམ་པ་བྱུང་གི་ཡོད།།

མགོན་པོ་སྐྱིད་ཀྱི་ཞུ་གཏུག་དང་དཀའ་ངལ།
please wait

No media source currently available

0:00 0:20:10 0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG