༢༠༢༥ལོའི་སྤྱི་ཟླ་ ༡ ཚེས་ ༢༣ ཉིན། རྒྱ་ནག་དམར་ཤོག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཚོགས་ཀྱི་དྲ་ཚིགས་སུ་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གི་རྒྱལ་ཡོངས་ཆབ་སྲིད་གྲོས་མོལ་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་དང་། རྒྱལ་ཡོངས་སོ་ནམ་ཞིང་ལས་དང་གྲོང་གསེབ་ལྷན་ཁང་གི་གཙོ་འཛིན་གཞོན་པ་ཆེ་དགྲ་ལྷས་འབྲེལ་ཡོད་སྒྲིག་ཁྲིམས་དང་རྒྱབ་འགལ་ཚབས་ཆེན་བྱས་པའི་དོགས་གཞི་འོག། ད་ཆ་རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གིས་དེ་དོན་བརྟག་དཔྱད་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག༡
རྒྱ་ནག་གི་གཞུང་འབྲེལ་བརྒྱུད་ལམ་བོད་སྐད་རླུང་འཕྲིན་དྲ་བ་ཞེས་པ་ལས། ཁ་བྱང་ལ་ཆེ་དགྲ་ལྷར་བརྟག་དཔྱད་བྱེད་བཞིན་འདུག་ཅེས་དང་། བརྗོད་གཞི་དངོས་ཀྱི་ནང་ལ། སྐབས་བཅུ་བཞི་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན། ཞིང་ལས་དང་གྲོང་གསེབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཆེ་དགྲ་ལྷས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་དོགས་གཞི་ཡོད་པས་མིག་སྔར་ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་དེ་དོན་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་བྱེད་བཞིན་ཡོད་པ་རེད།༢ ཅེས་འཁོད་འདུག།
ཡོངས་གྲགས་ཟིན་པའི་ད་ཡོད་རྒྱུ་ཆ་ལས་གསལ་དོན་ལྟར་ན། རང་ལོ་༦༧ ཡིན་པའི་ཆེ་དགྲ་ལྷ་ནི་ ༡༩༥༨ ལོར་རྒྱ་གཞུང་གིས་ཆ་བགོས་བྱས་པའི་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཞེས་པའི་ཁོངས་སུ་ཡོད་པའི་རྒྱལ་ཐང་དུ་སྐྱེས། དུས་ཡུན་རིང་པོར་ཡུན་ནན་ཞིང་ཆེན་དང་བོད་རང་སྐྱོང་ལྗོངས་ཞེས་པའི་ནང་ལས་ཀ་བྱས་ཁོངས་ནས། ཡུན་ནན་ཞིང་ཆེན་ས་གནས་གཞུང་གི་རྒྱུན་ལས་དང་། བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཞེས་པའི་ཁུལ་དཔོན་སོགས་བྱས་འདུག
༢༠༡༧ ལོའི་ཟླ་དང་པོ་ནས་བཟུང་། རྒྱ་ནག་དམར་ཤོག་གཞུང་གིས་ཆ་བགོས་བྱས་པའི་བོད་རང་སྐྱོང་ལྗོངས་ཞེས་པའི་དམར་ཤོག་དྲུང་ཆེ་གཞོན་པ་དང་། འཐབ་ཕྱོགས་གཅིག་གྱུར་ཁང་གི་འགོ་གཙོ། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་གཙོ་འཛིན་སོགས་གོ་གནས་སྣ་ཚོགས་བཟུང་མྱོང་ཞིང་། ད་ཡོད་རྒྱ་ནག་གི་དབང་སྒྱུར་འོག་གི་བོད་པ་འགོ་ཁྲིད་གོ་གནས་མཐོ་ཤོས་གྲས་ཀྱང་ཡིན་པ་རེད།
གོང་ཞུས་ལྟར་ད་ལན་ཁོས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་ཡོད་ལུགས་བརྗོད་ཡོད་པ་ལས། བྱེ་བྲག་ཏུ་སྒྲིག་འགལ་འདི་དང་འདི་ཞེས་བྱ་བ་བྱས་སོང་ཞེས་ཞིབ་ཕྲའི་གནས་ཚུལ་གང་ཡང་བཀོད་མེད་ཀྱང་། ཡོངས་གྲགས་ལྟར་དུ་ཆེ་དགྲ་ལྷས་དེ་སྔོན་༢༠༡༦ ལོ་ནས་༢༠༢༡ ལོའི་བར་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་དྲུང་ཆེའི་གོ་གནས་བཟུང་མྱོང་མཁན་ཝུའུ་དབྱིང་ཅེ་དང་མཉམ་དུ་ལས་ཀ་བྱས་མྱོང་ཡོད་པ་དང་། ཝུའུ་དབྱིང་ཅེ་ན་ནིང་ལོའི་སྤྱི་ཟླ་༦ པའི་ནང་ཞིབ་བཤེར་བྱས་པ་མ་ཟད། ཟླ་བ་༡༠ པའི་ནང་རྒྱ་ནག་དམར་ཤོག་གི་སྐྱིད་སྡུག་ནས་ཕྱིར་འབུད་བཏང་ཐོག་གཞུང་གི་གོ་གནས་ཡོད་ཚད་ནས་ཕབ་སྟེ། སྤྱི་ཟླ་༡༢ པའི་ནང་འཇུ་བཟུང་བྱས་ཡོད་པ་རེད།
ནམ་རྒྱུན་རྒྱ་ནག་གཞུང་གིས་དཔོན་རིགས་མཐོ་གྲས་ལ་ཞིབ་བཤེར་བྱས་སྐོར་གྱི་གསལ་བསྒྲགས་ནང་ཡིག་ཕྲེང་ཐུང་ཐུང་ཞིག་ལས་སྤེལ་སྲོལ་མེད་ཅིང་། དེ་སྔོན་བོད་སྐྱོང་ལྗོངས་ཀྱི་དམར་ཤོག་གི་དྲུང་ཆེ་ཝུའུ་དབྱིང་ཅེ་ལ་ཞིབ་བཤེར་བྱེད་བཞིན་ཡོད་པའི་གསལ་བསྒྲགས་སྤེལ་དུས་ཀྱང་། ཝུའུ་དབྱིན་ཅེ་ཡིས་སྒྲིག་འགལ་དང་ཁྲིམས་འགལ་ཚབས་ཆེན་བྱས་པའི་དོགས་གཞི་འོག་ཞིབ་བཤེར་བྱེད་བཞིན་ཡོད་ཅེས་ད་ཐེངས་ནང་བཞིན་ཡིག་ཕྲེང་གཉིས་གསུམ་ཞིག་ལས་སྤེལ་མེད་པ་དང་།༣ གསལ་བསྒྲགས་དེ་སྤེལ་ནས་དུས་ཡུན་རིང་པོ་མ་འགོར་བར་ཁོ་པ་དམར་ཤོག་ཚོགས་པའི་སྐྱིད་སྡུག་དང་གཞུང་གི་ལས་ཀའི་ཁོངས་ནས་ཕྱིར་འབུད་བཏང་ཡོད་པ་རེད།
སྤྱིར་རྒྱ་ནག་གཞུང་གིས་མཐོ་རིམ་དཔོན་རིགས་ཤིག་ལ་དམར་ཤོག་ཚོགས་པའི་དབུས་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གིས་བརྟག་དཔྱད་བྱེད་ཀྱི་ཡོད་ཅེས་ཡོངས་གྲགས་སུ་ཁྱབ་བསྒྲགས་བྱས་ཚེ། རྒྱ་ནག་གཞུང་གིས་དཔོན་རིགས་དེ་འཛིན་བཟུང་དང་བཀག་ཉར་བྱས་ཟིན་ཡོད་པའི་རྟགས་མཚན་ཡིན་པར་མ་ཟད། རྒྱ་ནག་གཞུང་གིས་དཔོན་རིགས་ཤིག་ལ་ཞིབ་བཤེར་བྱེད་ཀྱི་ཡོད་པའི་གསལ་བསྒྲགས་བྱས་རྗེས། ༤ དོ་བདག་གང་དེར་ཞིབ་བཤེར་རྗེས་ནས་ནག་ཉེས་མི་འདུག་ཅེས་དཀར་འདོན་བྱས་པ་ད་ཕན་རྐང་གཅིག་ཀྱང་བྱུང་མྱོང་མེད་པ་རེད།
དེ་སྔོན་༢༠༢༢ ལོའི་སྤྱི་ཟླ་༡༢ པའི་ནང་། དམར་ཤོག་ཚོགས་པའི་དྲུང་ཆེ་བྱས་མྱོང་མཁན་ཝུའུ་དབྱིང་ཅེ་ལ་བོད་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་བཏང་བ་རྒྱུ་མཚན་དུ་བྱས་ཏེ་ཨ་རིས་ཉེས་ཆད་བཀག་སྡོམ་བྱས་མྱོང་བ་དང་། སྐབས་དེའི་ཨ་རིའི་ནོར་སྲིད་ལས་ཁུངས་ཀྱི་གསལ་བསྒྲགས་དེ་ལས་གསལ་བ་ལྟར་ན། ཝུ་དབྱིང་ཅེ་ཡིས་རྒྱ་ནག་གཞུང་གིས་བཙུགས་པའི་བོད་རང་སྐྱོང་ལྗོངས་ཞེས་པའི་ནང་འགོ་ཁྲིད་ཀྱི་གོ་གནས་བཟུང་རིང་། བདེ་འཇགས་བརྟན་བརླིང་ཞེས་པའི་སྲིད་ཇུས་ཤིག་སྤེལ་ནས། གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་བཏང་ཁོངས་སུ་ཆབ་སྲིད་དང་ཆོས་ལུགས་ཀྱི་རང་དབང་ལ་སྟངས་འཛིན་བྱས་པ། དོན་མེད་དུ་བོད་མི་འཛིན་བཟུང་དང་། གཞི་ཁྱོན་ཆེན་པོས་བཀག་ཉར་བྱས་པ། མི་ལ་ཉེས་རྡུང་བཏང་བ། ཁྲིམས་ཀྱི་འགྲོ་ལུགས་སོགས་གང་ཡང་མི་དགོས་པར་སྲོག་ཐོག་བཏང་བ། བཙན་དབང་གིས་སྒོ་ནས་བཅད་སྒོ་བཀག་པ་དང་། བཙན་དབང་གིས་བུད་མེད་ཀྱི་ཁོག་ནས་ཕྲུ་གུ་མངལ་དབྱུང་བཏང་བ་སོགས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་ཧ་ཙང་ཚབས་ཆེན་བཏང་ཡོད་པ་འཁོད་འདུག།༥
ན་ནིང་ནས་ད་ལོའི་བར་བོད་རང་སྐྱོང་ལྗོངས་ཞེས་པའི་དྲུང་ཆེ་བྱས་མྱོང་བ་ཝུའུ་དབྱིང་ཅེ་དང་། བོད་རང་སྐྱོང་ལྗོངས་ཀྱི་གཙོ་འཛིན་བྱས་མྱོང་བ་ཆེ་དགྲ་ལྷ་གཉིས་ལ་ཞིབ་བཤེར་བྱས་པ་དེ། གཅིག་ནི་རྒྱ་ནག་གཞུང་གིས་ཞིང་ཆེན་རིམ་པའི་འགོ་ཁྲིད་གཏོར་ཁོངས་ནས་ཚོགས་ཆེན་ཉི་ཤུ་ཐམ་པའི་རྗེས་སུ་ཐེངས་མ་གཉིས་པ་གསུམ་པ་དེ་ཡིན་པ་དང་། གཉིས་ནས་བོད་རང་སྐྱོང་ལྗོངས་ཀྱི་ལོ་རྒྱུས་ལྟར་ན་དམར་ཤོག་དྲུང་ཆེ་དང་གཙོ་འཛིན་ཞིག་ལ་སྒྲིག་འགལ་དང་ཁྲིམས་འགལ་ཚབས་ཆེན་བྱས་པའི་དོགས་གཞི་འོག་ཏུ་རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་ཞེས་པས་བརྟག་དཔྱད་བྱས་པ་ད་ཕན་ཁོ་གཉིས་ལས་དེ་སྔོན་བྱུང་མྱོང་མེད་པ་ཞིག་རེད།
གླེང་སྟེགས།