བཙན་བྱོལ་བོད་གཞུང་གི་བཀའ་བློན་ཟུར་པ་ཞེ་བོ་བློ་བཟང་དར་རྒྱས་ལགས་རེས་གཟའ་ལྷག་པའི་ཉིན་ཨ་རིའི་མངའ་སྡེ་པེན་སེལ་ཝི་ནི་ཡའི་ནང་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག་པ་དང་། ཁོང་དགུང་ལོ་༩༤ ཡིན་ཅིང་། བར་ལས་སྐུ་ཁམས་མི་བདེ་བ་བྱུང་རྗེས་ཟིམ་ཤག་ཏུ་སྐུ་ཚེའི་འཕེན་པ་རྫོགས་འདུག
བཀའ་ཟུར་ཞེ་བོ་བློ་བཟང་དར་རྒྱས་ལགས་དམ་པ་དེ་ ༡༩༣༢ ལོར་ལྷ་སར་འཁྲུངས་ཤིང་། ཆུང་དུས་ནས་ཡིག་བྲིས་དང་། གཞུང་སྲོལ་འགྲོ་ལུགས་སོགས་ལ་སློབ་ཁྲིད་གནང་བ་དང་། དགེ་རྒན་ཟུར་བསྟེན་གྱིས་ཕྱི་ཕྱོགས་ཀྱི་སློབ་སྦྱོང་གནང་སྒོ་ཆ་ཚང་གནང་འདུག ༡༩༤༩ ལོར་དགུང་ལོ་ ༡༧ ལ་བོད་གཞུང་གི་གཞུང་ཞབས་ཁོངས་ཞུགས་ནས་ཞབས་སྣེ་རྩེ་ཕྲུག་པ་གནང་བ་དང་། ༡༩༥༢ ནས་རྫོང་གཞིས་སོགས་ལས་གནས་གང་སར་་གཞུང་ཞབས་གནང་། ༡༩༥༩ ལོར་བོད་ཀྱི་རྒྱལ་ས་ལྷ་སར་བོད་མིའི་རང་དབང་སྒེར་ལངས་སྐབས་དངོས་སུ་ལས་འགུལ་ནང་ཞུགས་རྗེས་ རྒྱ་དམག་གིས་འཛིན་བཟུང་བྱས་རྗེས་ལོ་ ༡༩ རིང་རྒྱ་ནག་གི་བཙོན་ཁང་དུ་བཞུགས་དགོས་བྱུང་ནས་སྡུག་སྦྱོང་མནར་གཅོད་དྲག་པོ་མྱངས་འདུག་པ་དང་། ༡༩༧༤ ལོར་རྒྱ་ནག་གི་བཙོན་ཁང་ནས་གློད་འགྲོལ་བྱུང་ཡོད་པ་རེད། བཙོན་ཁང་ནས་གློད་འགྲོལ་བྱུང་རྗེས་༡༩༧༨ ནས་ ༡༩༨༤ བར་བོད་ལྗོངས་མི་རིགས་སློབ་གྲྭ་ཆེན་མོ་དང་བོད་ལྗོངས་དགེ་འོས་སློབ་གྲྭ་ཆེ་མོ་གཉིས་ཀྱི་ནང་བོད་ཡིག་ཆེད་ལས་འཛིན་གྲྭའི་བོད་ཡིག་དགེ་རྒན་གནང་འདུག
བཀའ་ཟུར་ཞེ་བོ་བློ་བཟང་དར་རྒྱས་ལགས་དམ་པ་དེ་ནི་མི་གཤིས་བཟང་ལ་རྒྱུན་དུ་ཐུགས་ཉམས་ཆུང་ཡོད་ནའང་། རྒྱ་ནག་གི་བཙོན་ཁང་དུ་བཞུགས་རྒྱུན་བློ་སྟོབས་ཆེ་ལ་རང་ཚུགས་བརྟན་པོ་བཟུང་མཁན་མི་སྣ་གཅིག་ཡིན་པ་དང་།
༡༩༧༩ ལོར་བོད་ནང་གུ་ཡངས་སྲིད་ཇུས་བྱུང་བ་དང་བོད་ཕྱི་ནང་གཉིས་སུ་གཉེན་འཕྲད་འགྲོ་འོང་གི་གོ་སྐབས་བྱུང་རྗེས་ ༡༩༨༥ ལོར་རྒྱ་གར་ལ་གཉེན་འཕྲད་དུ་ཕེབས་རྒྱུའི་གོ་སྐབས་བྱུང་འདུག་པ་དང་།་ ལོ་དེར་རྒྱ་གར་ཕྱོགས་པི་ཏིའི་ནང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དུས་འཁོར་དབང་ཆེན་གསུང་ཆོས་བསྩལ་སྐབས་མཇལ་ཁ་ཐོབ་འདུག་ཅིང་། དེ་ནས་བོད་ལ་ཕྱིར་ལོག་མ་གནང་བར་རྒྱ་གར་དུ་བཞུགས་ནས་བཙན་བྱོལ་བོད་གཞུང་གི་ནང་ཕྱག་ལས་གནང་རྒྱུའི་ཐག་གཅོད་གནང་འདུག་པ་དང་། ༡༩༨༥ ལོར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དྲིལ་བསྒྲགས་བཀའ་བློན་ཕྱག་རོགས་དང་དེ་རྗེས་ ༡༩༨༩ ལོར་བཀའ་བློན་ངོ་མར་བསྐོ་བཞག་གནང་འདུག བཀའ་ཟུར་ཞེ་བོ་བློ་བཟང་དར་རྒྱལ་ལགས་ནི་བོད་ནང་གཞུང་ཞབས་གནང་མཁན་ཁོངས་ནས་རྒྱ་གར་དུ་བཙན་བྱོལ་བོད་གཞུང་གི་བཀའ་བློན་ལ་ཐད་བསྐོད་གནང་བ་དང་པོ་དེ་ཡིན་པ་རེད། ༡༩༩༠ ལོར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཐད་བསྐོས་གནང་བའི་བཀའ་ཤག་མཁོ་བསྡུ་གནང་ནས་མི་མང་གིས་ཐད་ཀར་འོས་བསྡུའི་ལམ་ནས་བཀའ་བློན་བསྐོ་རྒྱུའི་འགྱུར་བ་གནང་བ་རྗེས་བཀའ་ཟུར་ཞེ་བོ་བློ་བཟང་དར་རྒྱལ་ལགས་བོད་གཞུང་དབུས་སྨན་རྩིས་དང་སྣེ་ལེན་འབྲེལ་མཐུད་ཁང་གི་འགན་འཛིན་གྱི་ཕྱག་ལས་གནང་འདུག་པ་མ་ཟད། ༡༩༩༧ ལོར་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གཞན་ལ་འོས་འདེམས་བྱུང་ཡོད་པ་རེད། མདོར་ན་སྐུ་ཚེ་ཧྲིལ་པོ་བོད་ནང་དང་བཙན་བྱོལ་ནང་བོད་གཞུང་མང་གི་ཞབས་ཕྱི་ཞུས་འདུག་ཅིང་། ཁོང་གི་སྐུ་མཚེད་བདེ་ཆེན་རྒྱ་མཚོ་ལགས་ཀྱིས་འདི་གར་འགྲེལ་བརྗོད་གནང་དོན་ལ་ ཞེ་བོ་ལགས་དམ་པ་དེས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་མཆོག་གི་དབུ་ཁྲིད་འོག་བོད་ཕྱི་ནང་གཉིས་སུ་གཞུང་མང་གཉིས་ཀྱི་ཞབས་ཕྱི་ཞུ་ཐུབ་པ་དེར་ཐུགས་བློ་ཚིམ་པོ་དང་དགའ་སྤོབས་གནང་གི་འདུག་ཅེས་འགྲེལ་བརྗོད་གནང་གི་འདུག
གཞུང་ཞབས་ཁོངས་ནས་བགྲེས་མོལ་ལ་ཕེབས་རྗེས་ནོར་གླིང་བོད་ཀྱི་རིག་གཞུང་ལྟེ་གནས་ཁང་དུ་རྒྱལ་བའི་མཛད་རྣམ་ཕྱོགས་བསྒྲིགས་ཀྱི་ལས་འགན་ལོ་ཤས་གནང་རྗེས་ ཨ་རིའི་ནང་སྤུན་གཉེན་ཚོའི་སར་ཕེབས་ནས་ད་བར་ཨ་རིའི་མངའ་སྡེ་པེན་སིལ་ཝི་ནི་ཡའི་གྲོང་ཁྱེར་ཕི་ལི་ཌི་ཕི་ཡའི་ནང་བཞུགས་འདུག་པ་་དང་། དེར་ས་གནས་མང་ཚོགས་ལ་མགོ་འདོན་སློབ་གསོ་གནང་ཡོད་པ་མ་ཟད། སྐུ་ན་བགྲེས་པོར་ཕེབས་པར་ལྟོས་མེད་ཀྱིས་ཨ་རིའི་རྒྱལ་ས་ཝ་ཤིན་ཌོན་དུ་བོད་དོན་ལས་འགུལ་རིམ་པ་དང་། ལྷག་པར་ཨ་རིའི་གྲོས་ཚོགས་ལ་ཞུ་གཏུག་གི་ལས་འགུལ་ཚང་མར་མཉམ་ཞུགས་གནང་ཡོད་པ་རེད།
གླེང་སྟེགས།