ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༤/༡༡/༢༥

རྒྱ་ནག་གི་ཧུས་རིགས་ཚོས་ལྷ་ཁང་སྲུང་སྐྱོབ་དོན་དུ་སྲིད་གཞུང་ལ་ངོ་རྒོལ། 


རྒྱ་ནག་གཞུང་གིས་ཡུན་ནན་ཞིང་ཆེན་གྱི་ཁ་ཆེ་ལྷ་ཁང་
རྒྱ་ནག་གཞུང་གིས་ཡུན་ནན་ཞིང་ཆེན་གྱི་ཁ་ཆེ་ལྷ་ཁང་

༄༅།། རྒྱ་ནག་གཞུང་གིས་ཡུན་ནན་ཞིང་ཆེན་གྱི་ཁ་ཆེ་ལྷ་ཁང་ཞིག་གི་རྒྱ་ཕེབས་དང་ལྕོག་མཁར་གཉིས་བཤིག་ཐབས་བྱས་ཏེ་ཧུས་རིགས་སྟོང་ཕྲག་མང་པོས་སྲིད་གཞུང་ལ་ངོ་རྒོལ་ངོ་རྒོལ་བྱས་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༥་པའི་ཚེས་༣༠་ཉིན་སི་ཨེན་ཨེན་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཞིན་ཅིན་ཕིང་གིས་ཆོས་ལུགས་རྣམས་རྒྱ་ནག་ཅན་དུ་བསྒྱུར་བར་མི་དམངས་ཀྱི་ཆོས་དད་རང་དབང་ལ་གནོན་སྡོམ། རྒྱ་ནག་དམར་ཤོག་ཚོགས་པས་གཞུང་འབྲེལ་ཐོག་ཏུ་ཆོས་ལུགས་ལ་དད་མོས་བྱེད་ཀྱི་མེད་ཀྱང་ཕྱི་རྒྱལ་གྱི་རིག་གཞུང་དང་ཕྱི་རྒྱལ་གྱི་ཤུགས་རྐྱེན་ཆེ་བའི་ཆོས་ལུགས་རྣམས་གཙང་དག་བྱ་དགོས་པའི་བཀའ་ཕབ། ཉེ་བའི་ལོ་ཤས་ཤིག་ནས་རྒྱ་ནག་གཞུང་གིས་ཨ་རབ་ཀྱི་བཟོ་བཀོད་ལྡན་པའི་ཁ་ཆེ་ལྷ་ཁང་སྟོང་ཕྲག་མང་པོའི་རྒྱ་ཕེབས་དང་ལྕོག་མཁར་རྣམས་བཀོག ཁ་ཆེ་ལྷ་ཁང་དེ་དག་གི་རྒྱ་ཕེབས་དང་ལྕོག་མཁར་རྣམས་རྒྱ་ནག་གི་སྲོལ་རྒྱུན་བཟོ་བཀོད་ཀྱི་རྣམ་པ་ལྡན་པ་ཞིག་ཏུ་བསྒྱུར། གཟའ་མཇུག་དེར་ཡུན་ནན་ཞིང་ཆེན་གྱི་ན་ཅ་དབྱིང་ཁ་ཆེ་ལྷ་ཁང་གི་རྒྱབ་ཕིབས་དང་ལྕོག་མཁར་བཤིག་རྒྱུ་མགོ་བརྩམས།།

ཡུན་ནན་གྱི་ཁ་ཆེ་ཞིག་གིས་སི་ཨེན་ཨེན་གསར་འགྱུར་ལས་ཁང་གི་གསར་འགོད་པར་ང་ཚོའི་མཐར་ཐུག་གི་ཆེ་མཐོང་ལ་རྡོག་བརྫིས་གཏོང་གི་ཡོད་པ་རེད། འདི་ནི་མི་ཞིག་ང་ཚོའི་ཁྱིམ་དུ་ཡོང་སྟེ་ཁང་ཁྱིམ་བཤིག་པ་དང་ཁྱད་པར་མེད། ང་ཚོས་རང་གི་ཁང་ཁྱིམ་བཤིག་ཏུ་འཇུག་ཐུབ་ཐབས་མེད། ང་ཁ་ཆེའི་ལྷ་ཁང་དུ་འབྱོར་དུས་ར་དཀྱིལ་དེར་ལྗིད་འདེགས་འཕྲུལ་ཆས་ཀྱིས་ལྷ་ཁང་གི་རྒྱ་ཕིབས་དང་ལྕོག་མཁར་རྣམས་བཙན་གྱིས་བཤིག་རྩིས་བྱེད་ཀྱི་ཡོད་པ་དང་མི་ཁག་ཅིག་གིས་བཀག་འགོག་བྱས་ནས་འཁྲུག་རྩོད་ལངས་ཟིན་འདུག གཟའ་སྤེན་པའི་ཉིན་ཁ་ཆེ་སྐྱེས་པ་དང་བུད་མེད། རྒན་རྒོན་དང་བྱིས་པ་སོགས་མི་སྟོང་ཕྲག་མང་པོ་ཡོང་སྟེ་ལྷ་ཁང་མཐའ་བསྐོར་ནས་སྲུང་སྐྱོབ་དང་གཏོར་བཤིག་ལ་ངོ་རྒོལ་བྱས་སོང་། རྒྱ་ནག་གཞུང་གིས་ས་གནས་མི་མང་ལ་ལྟ་སྲུང་བྱེད་མཁན་ཉེན་རྟོག་པ་༡༠༠༠་ལྷག་བཀྲམ་ཡང་མི་མང་གིས་འགོག་རྒོལ་དྲག་པོ་བྱེད་ཀྱི་འདུག་ཅེས་གནས་ཚུལ་མཁོ་སྤྲོད་བྱས་ཤིང་། མི་མང་ཁག་ཅིག་གིས་སོ་ཕག་དང་ཆུའི་འགྱིག་དམ་སོགས་ཀྱིས་ཉེན་རྟོག་པར་རྒོལ་ལན་བསློགས། ཉེན་རྟོག་པས་མི་༣༠་ལྷག་འཛིན་བཟུང་བྱས་པའི་གནས་ཚུལ་ཐོན་འདུག

སྤྱི་ཚོགས་དྲྭ་ལམ་ཁག་ཏུ་བརྙན་འཕྲིན་ཁྱབ་པ་དེ་དག་གི་ནང་དུ་རྒྱ་གཞུང་གི་ཉེན་རྟོག་པས་ན་ཅ་དབྱིང་ས་གནས་ཀྱི་ཁ་ཆེ་ཚོར་རྒྱུག་པས་བརྡུངས། དེང་སྐབས་ཨ་རིར་གནས་འཁོད་མ་ཅུས་ཞེས་པའི་ཧུས་རིགས་ལས་འགུལ་བ་ཞིག་གིས་ན་ཅ་དབྱིང་ས་གནས་ཀྱི་གནས་སྟངས་ནི་ཛ་དྲག་པོ་རེད། ཡུན་ནན་གྱི་ན་ཅ་དབྱིང་ཁ་ཆེའི་ལྷ་ཁང་དེ་ཞིང་ཆེན་དེའི་ལོ་རྒྱུས་ལྡན་པའི་ཁ་ཆེའི་ལྷ་ཁང་ཞིག་དང་ཁ་ཆེ་ཚོའི་རིག་གཞུང་གི་ལྟེ་གནས་རྩ་ཆེན་ཞིག་ཡིན། ད་ལྟ་ཆོས་ལུགས་རྣམས་རྒྱ་ནག་ཅན་དུ་བསྒྱུར་རྒྱུའི་ལས་འགུལ་དེ་ན་ཅ་དབྱིང་ལ་སྤེལ་འགོ་ཚུགས་སོང་ཞེས་བཀྲལ། ན་ཅ་དབྱིང་གི་ཁ་ཆེ་ཚོས་རང་གི་མིང་དངོས་སུ་བཏོན་ནས་གསར་འགོད་པར་སྐད་ཆ་བཤད་མི་ཕོད་ཀྱང་མི་ཚང་མར་སྐྲག་སྣང་བྱུང་། ཁོ་ཚས་ང་ཚོར་ཆག་སྒོ་འབྱུང་རྒྱུ་འགོ་བཙུགས་པ་འདྲ། འདིའི་རྗེས་སུ་ཅི་ཞིག་འབྱུང་རྒྱུ་ཡིན་པ་ང་ཚོས་ཤེས་རྟོགས་མི་ཐུབ་ཟེར། སི་ཨེན་ཨེན་གསར་འགྱུར་ལས་ཁང་གིས་ཁ་པར་བཏང་ནས་ན་ཅ་དབྱིང་གི་ཚོང་ཁང་བདག་པོ་ཞིག་ལ་སྐད་ཆ་དྲིས། མི་དེས་ཁྱོད་ཚོ་གསར་འགོད་པ་འདིར་ཡོང་ནས་གནས་ཚུལ་སྤེལ་དགོས། ངས་ཅང་ཤེས་ཀྱི་མེད་ཅེས་ཁ་པར་མཚམས་བཞག་པའི་གནས་ཚུལ་ཐོན་འདུག

ན་ཅ་དབྱིང་ཁ་ཆེ་ལྷ་ཁང་ནི་ན་གུ་གྲོང་རྡལ་དུ་ཆགས་ཡོད་པ་དང་གཟའ་ཉི་མའི་དགོང་མོ་ནས་གྲོང་རྡལ་གཞུང་ནས་ཧུས་རིགས་ཀྱིས་ངོ་རྒོལ་བྱེད་ཀྱི་ཡོད་པར་གླེང་སློང་ཅི་ཡང་མ་བྱས་པར་གཟའ་སྤེན་པའི་ཉིན་བྱུང་བའི་དོན་རྐྱེན་དེར་ཉེན་རྟོག་པས་རྩད་གཅོད་བྱེད་ཀྱི་ཡོད། གཟའ་སྤེན་པའི་དོན་རྐྱེན་དེས་སྤྱི་ཚོགས་ཀྱི་སྒྲིག་སྲོལ་ཁག་ལ་གཏོང་བརླག་ཚབས་ཆེན་ཐེབས་འདུག གཟའ་མཇུག་གི་དོན་རྐྱེན་དེར་འབྲེལ་བ་ཡོད་པའི་ཚོག་སྡེ་ཁག་དང་སྐྱེ་བོ་སྒེར་པ་ཚོས་རང་ཉིད་མགོ་འབུལ་བྱ་དགོས། ཕྱི་ཟླ་༦་པའི་ཚེས་༦་གི་སྔོན་ལ་མགོ་འབུལ་བྱས་ན་གུ་ཡངས་གཏོང་ཆོག མི་མང་གིས་དོན་རྐྱེན་དེར་འབྲེལ་བ་ཡོད་པའི་མི་རྣམས་རྩིས་སྤྲོད་བྱ་དགོས་ཞེས་བསྐུལ། ཁ་སང་གཟའ་ཟླ་བ་ནས་ན་ཅ་དབྱིང་ས་གནས་ཡོངས་རྫོགས་འཇིགས་སྣང་གིས་མནན། གྲོང་གླིང་མང་པོར་དྲྭ་རྒྱ་བཅད་པ་དང་ཁ་ལོ་བ་མེད་པའི་འཕུར་གྲུ་བཏང་སྟེ་མཁའ་དབྱིངས་ནས་ལྟ་རྟོག་བྱེད་ཀྱི་ཡོད་པར་མ་ཟད། རྒྱ་གཞུང་གི་ཉེན་རྟོག་པས་རྒྱང་བསྒྲགས་བཙུགས་ཏེ་ངོ་རྒོལ་བ་ཚོས་མགོ་འབུལ་བྱ་དགོས་ཞེས་སྐད་རྒྱག་གི་ཡོད་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་༥་པའི་ཚེས་༣༠་ཉིན་ཧྥ་རན་སི་གསར་འགྱུར་ལས་ཁང་གིས་གནས་ཙུལ་སྤེལ་བ་ལྟར་ན། རྒྱ་ནག་གི་སྤྱི་ཚོགས་སུ་ངོ་རྒོལ་འབྱུང་རྒྱུ་ཁག་པོ་ཡིན་མོད། འོན་ཀྱང་ཏོག་དབྱིབས་ནད་ཡམས་རྗེས་སུ་རྒྱ་ནག་མི་དམངས་ཀྱིས་སྲིད་གཞུང་ལ་ངོ་རྒོལ་གྱི་རྣམ་འགྱུར་སྟོན་རྒྱུ་ཤུགས་ཆེ་རུ་འགྲོ་ཡི་འདུག ཧུས་རིགས་ནི་རྒྱ་ནག་ལ་མི་རིགས་༥༦་ཡོད་པ་དེ་དག་གི་གྲས་ཀྱི་གཅིག་རེད། རྒྱ་ནག་ལ་སུ་ཎི་ཆོས་རྒྱུད་ཀྱི་རྗེས་འབྲང་བ་གཙོ་བོར་གྱུར་པ་ཧུས་རིགས་ས་ཡ་༡༠་ཙམ་ཡོད་པ་དེའི་ཧུས་རིགས་འབུམ་༧་ཡུན་ནན་ཞིང་ཆེན་དུ་འདུག་ཅེས་གསར་འགྱུར་སྤེལ། ཉམས་ཞིབ་པ་ཚོས་༢༠༢༡་ལོར་ཞིས་ཅན་ཕིང་གིས་ཆོས་ལུགས་རྒྱ་ནག་ཅན་དུ་བསྒྱུར་རྒྱུ་རྒྱུན་འཁྱོངས་བྱ་རྒྱུ་ཡིན། མང་ཚོགས་ཀྱི་ཆོས་དད་ལྟ་བས་རྒྱ་ནག་གི་རིག་གཞུང་མཚོན་ཐུབ་པ་ཞིག་ལ་བསྒྱུར་རྒྱུ་ཡིན་ཞེས་དམ་བཅའ་བཞག ༢༠༡༨་ལོར་རྒྱ་ནག་གཞུང་གིས་ཉིང་ཤ་ཧུས་རིགས་རང་སྐྱོང་ཁུལ་དུ་ཨ་རབ་ཀྱི་བཟོ་བཀོད་ལྡན་པའི་ཁ་ཆེའི་ལྷ་ཁང་ཁག་གི་རྒྱ་ཕིབས་དང་ལྕོག་མཁར་རྣམས་བཀོག ལོ་དེར་ཡུན་ནན་གྱི་ཁ་ཆེའི་ལྷ་ཁང་གསུམ་ཁྲིམས་འགལ་གྱི་ཆོས་ལུགས་སློབ་གཉེར་ཁང་རེད་ཅེས་སྒོ་བརྒྱབ་པའི་གནས་ཚུལ་ཐོན།།

ཕྱི་ཟླ་༥་པའི་ཚེས་༣༠་ཉིན་ཝ་ཤིང་ཊོན་ཡིག་ཟམ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་གཞུང་གིས་གོ་རིམ་ལྡན་པའི་སྒོ་ནས་ཞིན་ཅང་གི་ཁ་ཆེའི་ལྷ་ཁང་རྣམས་བཤིག་པ་དང་ཆོས་དད་རང་དབང་ལ་དམ་དྲག ཡུ་གུར་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་བརྩིས་ཚབས་ཆེན་གཏོང་གི་ཡོད་ཀྱང་རྒྱ་ནག་གིས་དེ་ཁས་མི་ལེན། ཆོས་ལུགས་རྒྱ་ནག་ཅན་དུ་བསྒྱུར་བའི་ལས་འགུལ་ཚབས་ཆེ་ཤོས་དེ་ཞིན་ཅང་ལ་སྤེལ་སོང་། རྒྱ་ནག་གཞུང་གིས་དྲག་ཐལ་ཞི་བཀོད་དང་ཆོས་ལུགས་རྒྱ་ནག་ཅན་དུ་བསྒྱུར་བའི་སྲིད་ཇུས་གཉིས་མཉམ་དུ་ལག་ལེན་བསྟར། ཡུ་གུར་བ་ས་ཡ་གཉིས་ཡས་མས་ཤིག་བཀག་ཉར་བྱས་ནས་བསམ་བློའི་སློབ་གསོ་བཏང་བས་སྔ་ལོ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱ་ནག་གཞུང་ནས་ཞིན་ཅང་ལ་ལག་ལེན་བསྟར་གྱི་ཡོད་པའི་སྲིད་ཇུས་དེ་འགྲོ་བ་མིར་གཙེ་རྒོལ་གྱི་ནག་ཉེས་བསགས་པ་ཞིག་རེད་ཅེས་སྙན་ཐོ་བཏོན། རྒྱ་ནག་གཞུང་གིས་ཉུང་མཐའ་ཡང་ཞིན་ཅང་གི་ས་གནས་ཁག་ཏུ་ཁ་ཆེའི་ལྷ་ཁང་སྟོང་ཕྲག་འགའ་ཞིག་རྩ་མེད་བཏང་ཡོད་པའི་གནས་ཚུལ་ཐོན་འདུག

The Najiaying Mosque is a mosque in Tonghai County, Yuxi City, Yunnan Province, China.
The Najiaying Mosque is a mosque in Tonghai County, Yuxi City, Yunnan Province, China.

ཡུན་ནན་སྤྱི་ཚོགས་ཚན་རིག་ཁང་གི་ཉམས་ཞིབ་པ་ལི་ཧོང་ཁྲུན་གྱིས་གསར་འགོད་པར་རིག་གནས་གསར་བརྗེའི་དུས་སུ་རྒྱལ་ཡོངས་ཀྱི་དགོན་སྡེ་ཁག་དང་ལྷ་ཁང་ཁག་ལ་གཏོར་བཤིག་ཐེབས་ཏེ་སྒོ་བརྒྱབ་པ་རེད། ཡུན་ནན་གྱི་ཁ་ཆེ་ལྷ་ཁང་ཁག་ལ་གཏོར་བཤིག་དེ་ཙམ་མ་ཐེབས། རིག་གནས་གསར་བརྗེའི་དུས་སུ་ན་ཅ་དབྱིང་ཁ་ཆེའི་ལྷ་ཁང་མའོ་ཙེ་ཏུང་གི་གསུང་བཏུས་བཀླག་ས་དང་ལྷ་ཁང་གི་གྱང་ངོས་སུ་དམར་ཤོག་གི་འབོད་ཚིག་རྣམས་བྲིས་ནས་སྐྱོབ་ཐུབ་པ་རེད། ཆབ་སྲིད་ཀྱི་ཟིང་ཆ་ཆེན་པོ་ལངས་པའི་དུས་སུ་ན་ཅ་དབྱིང་གི་ཧུས་རིགས་ཚོ་ཟིང་འཁྲུག་ལ་མ་ཞུགས། ཁོ་ཚོས་གཞུང་གི་དོགས་སེལ་དྲིལ་བསྒྲགས་ལ་རྒྱབ་སྐྱོར་དང་སྒོ་ཆག་ཁག་ལ་གཡོལ་ཐུབ་ཡོད་ཅིང་། འདི་ནི་ན་ཅ་དབྱིང་གི་ཧུས་རིགས་ཚོས་རང་ཉིད་འཚོ་ཐབས་སུ་ཐབས་བཀོད་འཐེན་པའི་ཐུན་མོང་མ་ཡིན་པའི་ཐབས་ཇུས་ཤིག་རེད་ཅེས་བསྟན། ཞིས་ཅིན་ཕིང་གི་དབང་བསྒྱུར་འོག་ཏུ་རྒྱ་ནག་གི་སྤྱི་ཚོགས་སུ་སྦྱངས་བཤད་བྱ་ཡུལ་མེད་པའི་རྣམ་པ་ཞིག་ཐོན་འདུག་ཅེས་གནས་ཚུལ་སྤེལ་འདུག

གཟའ་ཟླ་བ་ནས་རྒྱ་ནག་གི་མི་རིགས་རིང་ལུགས་པ་ཚོས་ཝི་པོ་དྲྭ་ཚིགས་སུ་ཡུན་ནན་གྱི་ཧུས་རིགས་ཚོར་དྲག་གནོན་བྱ་དགོས་ཞེས་མཆན་བྲིས། རྒྱ་ནག་སྤྱི་ཚོགས་ཚན་རིག་ཁང་གི་མར་ཁེ་སི་རིང་ལུགས་ཉམས་ཞིབ་མཁས་པ་ཤུའི་ཝུ་དབྱི་ཞེས་པ་ཞིག་གིས་ཁྲིམས་འགལ་བ་ཚོར་བཟོད་སྒོམ་ཏིལ་འབྲུ་ཙམ་བྱེད་མི་ཉན་ཞེས་ཆོས་ལུགས་ལ་འཛིན་པའི་ལྟ་བ་ཕྱི་རུ་ཐོན། ཡུན་ནན་གྱི་ཧུས་མོ་ཞིག་གིས་ཧྥ་རན་སི་གསར་འགྱུར་ལས་ཁང་ལ་ལྷ་ཁང་ནི་ཁང་པ་ཞིག་རེད། ཁང་པས་མི་དང་སྤྱི་ཚོགས་ལ་གནོད་པ་སྐྱེལ་གྱི་མེད་པས་བཤིག་དགོས་དོན་མེད། ང་ཚོ་ཁ་ཆེ་ཚོར་མཚོན་ན་ལྷ་ཁང་དེ་རང་ཁྱིམ་ལྟ་བུ་ཞིག་ཡིན་པ་དང་རང་ཁྱིམ་བཤིག་ན་ང་ཚོས་འགོག་རྒོལ་བྱ་རྒྱུ་ཆོས་ཉིད་རེད་ཅེས་སྨྲས། ཨ་རིར་གནས་འཁོད་ཧུས་རིགས་ལས་འགུལ་བ་མ་ཅུས་ཀྱིས་ཐོག་མར་མི་ཚོས་ལྷ་ཁང་གི་བཟོ་བཀོད་མ་འགྲིགས་པ་རེད་བསམས་འདུག ཕྱིས་སུ་ཞིབ་ཏུ་བལྟས་ན་རྒྱ་ནག་གཞུང་གིས་ན་ཅ་དབྱིང་ཁ་ཆེའི་ལྷ་ཁང་གི་ཆོས་ལུགས་དང་སྤྱི་ཚོགས་ཀྱི་བྱེད་སྒོ་ཁག་མེད་པར་གཏོང་གི་འདུག་ཅེས་ཐེར་འདོན་བྱས་འདུག

ན་ཅ་དབྱིང་ས་གནས་ཀྱི་ཧུས་རིགས་ཤིག་གིས་ལྷ་ཁང་གི་རྒྱ་ཕིབས་དང་ལྕོག་མཁར་བཤིག་གི་ཡོད་པ་ནི་གོམ་སྟབས་དང་པོ་རེད། དེའི་རྗེས་སུ་ང་ཚོའི་ཕྲུ་གུ་རྣམས་ཆོས་ལུགས་ཀྱི་འཛིན་གྲྭར་ཞུགས་མི་ཆོག་པ་དང་བྱིས་པ་ཚོས་ཁ་ཆེའི་བཀའ་དེབ་སློབ་སྦྱོང་བྱེད་མི་ཆོག་པའི་དམ་དྲག་བྱ་རྒྱུའི་ཉེན་ཁ་འདུག ཁོ་ཚོས་ཧུས་རིགས་ཀྱི་ཆེ་མཐོང་ལ་རྡོག་བརྫིས་བཏང་བའི་རྗེས་སུ་གོམ་པ་རེ་རེ་དང་མི་རབས་རེ་རེ་བཞིན་གཉའ་གནོན་བྱས་ནས་རིམ་གྱིས་ཧུས་རིགས་རྣམས་རྒྱ་མི་རིགས་ཀྱི་ནང་དུ་ཐིམ་འཇུག་གི་རེད། ཞིན་ཅང་ལ་དེ་ལྟར་འབྱུང་གི་ཡོད་པས་ང་ཚོར་ཡང་དེ་ལྟར་འབྱུང་རྒྱུ་ཡིན་པ་ཤེས་ཀྱི་ཡོད། ང་ཚོ་མི་མང་དཀྱུས་མ་ཚོས་ཐོབ་ཐང་ཆེན་པོ་ཞིག་རྩོད་ཀྱི་མེད། ང་ཚོར་རང་གི་ཆོས་ལུགས་ལ་དད་མོས་བྱེད་ཆོག་པའི་ཐོབ་ཐང་དགོས། ང་ཚོ་ཞི་བདེའི་ངང་དུ་འཚོ་གནས་བྱེད་འདོད་ཡོད། ང་ཚོའི་ཆོས་ལུགས་དང་ཆེ་མཐོང་ལ་ཐུག་ན་རང་སྲོག་འབེན་དུ་བཙུགས་ནས་འཐབ་རྩོད་བྱ་རྒྱུ་ཡིན། ངས་འཛམ་གླིང་མི་དམངས་ལ་ང་ཚོའི་མིག་སྔའི་ཉམས་མྱོང་དང་མ་འོངས་པའི་ལས་སྐལ་གཉིས་ཤེས་སུ་འཇུག་འདོད་ཡོད་ཅེས་བཤད་འདུག

XS
SM
MD
LG