ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༡༢/༢༢

ཡུ་རོབ་ཀྱི་སྲིད་སྤྱིའི་སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ལ་ནོར་བཅོས།


༄༅།། ཁ་སང་ཕྱི་ཚེས་༨་ཉིན་དབུས་འོས་བསྡུ་ལྷན་ཁང་གིས་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ཏེ་ཕྱི་ལོ་༢༠༢༡་ལོའི་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ཁག་གསལ་བསྒྲགས་བསྐྱངས། ད་ལོའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུར་མི་མང་འོས་ཤོག་འཕེན་མཁན་༦༣༧༠༢་བྱུང་འདུག སྲིད་སྐྱོང་ལ་འོས་ཤོག་༦༣༨༢༠་ཕངས་འདུག་ཅེས་གྲངས་འབོར་ཁྱབ་བསྒྲགས་བྱུང་ཞིང་། དེ་ནས་མི་མང་གིས་འོས་ཤོག་འཕེན་མཁན་གྱི་མི་གྲངས་ལས་ཀྱང་འོས་ཤོག་མང་བ་བྱུང་དོན་ཅི་ཡིན་ཞེས་གླེང་སློང་ཆེན་པོ་བྱུང་། དབུས་འོས་བསྡུ་ལྷན་ཁང་གིས་འཕྲལ་དུ་གནད་དོན་དེར་ཐད་རྩད་ཞིབ་གནང་སྟེ་ཧྥ་རན་སིའི་འོས་གྲངས་༡༦༤༧་ཐེངས་གཉིས་ལ་རྩིས་ཡོད་པ་ར་འཕྲོད་བྱུང་འདུག

དེ་རིང་ཕྱི་ཚེས་༩་ཉིན་སླར་ཡང་དབུས་འོས་བསྡུ་ལྷན་ཁང་གིས་ཛ་དྲག་གི་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ནས་འོས་བསྡུའི་འགན་འཛིན་དཔེ་ཟུར་དབང་འདུད་ཚེ་རིང་གིས་གནད་དོན་དེར་གསལ་བཀྲོལ་གནང་བར་མ་ཟད། དབུས་འོས་བསྡུ་ལྷན་ཁང་གི་ལས་སྣེ་ཚོ་སྤྱི་འཐུས་ཚོགས་གཙོའི་དྲུང་དུ་བཅར་ནས་གནད་དོན་དེ་སྙན་གསེང་ཞུས་། ཧྥ་རན་སིའི་འོས་བསྡུའི་གྲུབ་འབྲས་ལ་བསྐྱར་ཞིབ་ཀྱིས་སྲིད་སྐྱོང་གི་འོས་གྲངས་དེའི་བསྡོམས་འབོར་ལ་འགྱུར་བ་ཕྱིན་པ་ངོ་སྤྲོད་ཞུས་འདུག དེར་བརྟེན་ཡུ་རོབ་ཁུལ་གྱི་སྤྱི་འཐུས་ཀྱི་འོས་གྲངས་དེའི་བསྡོམས་འབོར་ལའང་འགྱུར་བ་འགྲོ་ཡི་ཡོད་པ་ངོ་སྤྲོད་ཞུས་འདུག

སྤྱིར་ཧྥ་རན་ས་ཁུལ་གྱི་འོས་གྲངས་ཐེངས་གཉིས་རྩིས་པ་དེས་སྤྱི་ཡོངས་ཀྱི་བསྡོམས་འབོར་ལ་འགྱུར་བ་ཕྲན་བུ་ཕྱིན་ཀྱང་དངོས་གཞིའི་འོས་མིའི་ཁོངས་སུ་འགྲན་ཞུགས་པ་སུ་སུ་སླེབས་མིན་ལ་འགྱུར་བ་གང་ཡང་ཕྱིན་མེད་ཅིང་། མདོ་སྟོད་ཆོལ་ཁའི་ཁོངས་སུ་ཡོད་པའི་མི་གཉིས་ལ་བཀའ་བརྒྱུད་ཆོས་བརྒྱུད་ཀྱི་ཁོངས་སུའང་འོས་ཤོག་ཐོབ་པར་བརྟེན། གཅིག་གིས་མདོ་སྟོད་ཁོངས་སུ་བཞེང་རྒྱུ་དང་གཞན་དེ་བཀའ་བརྒྱུད་ཀྱི་ཁོངས་སུ་བཞེང་རྒྱུའི་ཐག་བཅད། ད་ལྟ་མདོ་སྟོད་ཀྱི་འོས་གྲངས་༢༡་པ་དེ་འོས་གྲངས་ཉི་ཤུ་ཐམ་པའི་ཁོངས་སུ་ཚུད། བཀའ་བརྒྱུད་ཀྱི་འོས་གྲངས་ལྔ་པ་དེ་འོས་གྲངས་བཞི་པར་སླེབས་པ་སོགས་གསལ་བསྒྲགས་གནང་སོང་།།

དེ་རིང་གི་གསར་འགོད་ལྷན་ཚོགས་ཐོག་ཏུ་དབུས་འོས་བསྡུའི་འགན་འཛིན་གྱིས་ཁ་སང་ཨ་རིའི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་གནང་བའི་སྐབས་སུ་མི་གཅིག་གི་མིང་བརྗོད་ནོར་ཐེབས་པར་བཟོ་བཅོས། གསར་འགོད་པའི་དྲི་ལན་སྐབས་སུ་དབུས་འོས་བསྡུའི་འགན་འཛིན་གྱིས་དངོས་གཞིའི་འོས་བསྡུ་དེ་ཕྱི་ཟླ་༤་པའི་ཚེས་༡༡་ཉིན་བྱ་རྒྱུ་གཏན་ཁེལ་ཡོད་པས་ཕྱི་ཟླ་བཞི་པའི་ཚེས་༡༠་བར་དུ་ལོ་ན་༡༨་ལ་སོན་པ་ཚོས་ཐོ་འགོད་དེབ་སྐྱེལ་བྱེད་ཆོག་པ་བཟོས་ཡོད་ཅེས་གསལ་ཁ་གཏད་ཡོད་པ་བཅས་ཀྱི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།


XS
SM
MD
LG