སྤྱི་ཟླ་༣ པའི་ཚེས་༡༥ ཡི་དགོང་མོར་བོད་ཀྱི་ཤར་ཕྱོགས་ཉག་ཆུ་ཁའི་རྒྱུད་དུ་ནགས་ཚལ་ལ་མེ་སྐྱོན་ཤོར་བའི་གནས་སྟངས་ཐད། རྒྱ་ནག་གཞུང་འབྲེལ་གསར་ཁང་ཁག་གིས། མེ་སྐྱོན་ཤོར་སའི་གནས་ཁུལ་གཙོ་བོ་དང་མེ་སྐྱོན་ས་ཆ་གཞན་གཉིས་ལ་མཆེད་པ་དག་ད་ཆ་སྟངས་འཛིན་ཐུབ་ཡོད་ལུགས་བརྗོད་འདུག་ཅིང་། བདེ་འཇགས་ཆེད་ས་གནས་གྲོང་ཚོའི་མི་གྲངས་༥༩༠༠ ལྷག་གནས་གཞན་དུ་སྤོས་ཏེ་བཞག་ཡོད་ཚུལ་སོགས་ཀྱི་གནས་ཚུལ་སྤེལ་ཡོད་ཀྱང་། དོན་དམ་ལ་རྒྱ་གཞུང་གི་དམ་དྲག་གི་རྐྱེན་པས་ད་ལྟ་མེ་སྐྱོན་གྱི་གནས་ཚུལ་ག་འདྲ་ཆགས་ཡོད་མེད་ད་དུང་གསལ་ཁ་མེད་པ་རེད་འདུག།
དང་ཐོག་ཨ་རིའི་ཤར་ཕྱོགས་དུས་ཚོད་སྤྱི་ཟླ་༣ པའི་ཚེས་༡༧ ཉིན། འདི་གའི་ཨ་རིའི་རླུང་འཕྲིན་ཁང་ལ་ས་གནས་མིས་བཏང་བའི་བརྙན་པར་ཁག་བརྒྱད་དང་། གནས་ཚུལ་མདོར་བསྡུས་འབྱོར་གསལ་ལྟར་ན། སྤྱི་ཟླ་༣ པའི་ཚེས་༡༥ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་༥ པ་ཙམ་ནས། རྒྱ་ནག་གིས་ཆ་བགོས་བྱས་པའི་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་ཉག་ཆུ་རྫོང་ཁོངས་མགར་ར་གྲོང་བརྡལ་གྲུ་བསུ་སྟོད་པ་གྲོང་ཚོ་དང་བེ་གཟི་གྲོང་ཚོ་སོགས་སུ་མེ་སྐྱོན་ཤོར་བྱུང་ཞེས་དང་། བརྙན་པར་ནང་རྒྱ་ཕིབས་སེར་ལམ་ལམ་ཡོད་པའི་དགོན་པ་ཞིག་གསལ་གྱི་ཡོད་ཅིང་། དགོན་པའི་རྒྱབ་རིར་མེ་ཆེན་པོ་འབར་བཞིན་པར། མིང་བརྗོད་དོན་མེད་པའི་ས་གནས་ཀྱི་མི་དེར་དགོན་པ་དེའི་སྐོར་བཀའ་འདྲི་ཞུ་ལན་དུ། དགོན་པ་དེ་ནི་ད་ལྟ་རྒྱ་ནག་གིས་ཆ་བགོས་བྱས་པའི་ཉག་ཆུ་རྫོང་ཐོག་ཏུ་གནས་འཁོད་སྔོན་རྒྱ་ནག་གི་བཙོན་ཁང་ནང་དགོངས་པ་རྫོགས་པའི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པ་དེས་བསྐྱོན་པའི་དགོན་པ་ཞིག་རེད་ཅེས་གསུངས་བྱུང་། ད་ཆ་མེ་སྐྱོན་དེ་བཞིན་ཉག་ཆུ་ཁ་ནས་དར་རྩེ་མདོའི་ཕྱོགས་སུ་སླེབས་ཏེ། མི་ཉག་ས་བདེའི་ཕྱོགས་ཀྱི་ནགས་ཚལ་ནའང་ཉེན་ཁ་ཆེན་པོ་འཕྲད་བཞིན་པའི་གནས་ཚུལ་འདུག། གནས་ཚུལ་རྣམས་ཕྱི་ལོགས་སུ་བཤད་མི་ཆོག་ཅེས་བཀོད་ཁྱབ་བཏང་ཡོད་པས། སྐད་ཆ་མང་པོ་འདྲི་སྟབས་མི་བདེ་བ་དང་དོ་བདག་གིས་ཀྱིས་ལན་འདེབས་ཚུལ་བཞིན་དྲང་ཤོད་མི་ནུས་པ་སོགས་ཀྱི་གནས་ཚུལ་འདུག།
ཉེ་ལམ་མིང་དངོས་སུ་བརྗོད་འདོད་མེད་མཁན་ཞིག་གིས་བལ་ཡུལ་དུ་གནས་བཞུགས་འདི་གའི་རླུང་འཕྲིན་ཁང་གསར་འགོད་པ་ལ་བརྗོད་དོན་ལྟར་ན། ཟླ་འདིའི་སྤྱི་ཚེས་༡༥ ཉིན། ཐོག་མར་ཉག་ཆུ་རྫོང་གི་ས་གནས་སུ་མེ་སྐྱོན་བྱུང་འགོ་ཚུགས་ཡོད་པ་དང་། རྒྱ་ནག་གི་མེ་གསོད་རུ་ཁག་གི་མི་སྣ་སླེབས་ནས་མེ་བསད་ཐུབ་ཡོད་ཀྱང་། སྤྱི་ཚེས་༡༦ ཉིན་ལ་བསྐྱར་དུ་མེ་འབར་ཏེ། ནགས་ཚལ་གྱི་ཁེབས་པའི་རི་ཁ་ཤས་ལ་མེ་ཤུགས་ཀྱིས་འབར་ནས་རྒྱ་ཆེ་རུ་སོང་བ་དང་། སྐབས་བསྟུན་ལྷགས་རླུང་གཡུག་པར་བརྟེན། ཐད་ཀར་མེ་གསོད་རྒྱུར་དཀའ་ངལ་ཆེན་པོ་འཕྲད་ཡོད་པ་དང་། དམིགས་གསལ་ཤིང་ནགས་གསེང་གི་རི་སྐྱེས་སྲོག་ཆགས་མང་པོ་ཤི་རྨས་ཚབས་ཆེན་ཐེབས་ཡོད་པ་མ་ཟད། ཐེངས་འདིའི་མེ་སྐྱོན་ནི་ས་གནས་གཅིག་མ་ཡིན་པར། རྒྱ་ནག་གིས་ཆ་བགོས་བྱས་པའི་ཉག་ཆུ་རྫོང་དང་ལི་ཐང་རྫོང་ཕྱོགས། དར་རྩེ་མདོ་ཕྱོགས་བཅས་སུ་རིམ་བཞིན་མེ་སྐྱོན་ཚབས་ཆེན་བྱུང་འདུག། དམིགས་གསལ་བོད་པ་འདུས་སྡོད་ཀྱི་སྡོད་ཁང་དང་། སྒོ་ཕྱུགས་ལ་ཤི་རྨས་ཐེབས་ཡོད་པ་དང་། དེ་བཞིན་ད་ལྟའི་ཆར་མེ་ཕལ་ཆེ་བ་བསད་ཐུབ་ཡོད་པའི་རྣམ་པ་ཐོན་གྱི་ཡོད་རུང་། ཐེངས་འདིའི་མེ་སྐྱོན་གྱིས་རྐྱེན་པས་མིོག་སྔར་གྲོང་སྡེ་ཆེ་ཁག་༡༡ དང་། དུད་ཚང་༨༠༠ ལྷག་གི་མི་གྲངས་༣༠༠༠ ལྷག་ཉེན་གཡོལ་བྱས་ནས་འདུག་དགོས་བྱུང་ཡོད་པར་མ་ཟད། དུད་ཚང་ཁང་ཁྱིམ་དང་བཅས་པ་མེ་ཡིས་འཚིགས་ཟིན་པ་དག་ལ་སྡོད་གནས་མེད་པའི་གནས་སུ་གྱུར་ཡོད་པ་མ་ཟད། གསུམ་གཅིག་བརྒྱད་ཞེས་པའི་གཞུང་ལམ་ཆེ་བ་དེ་ས་ཁག་མང་པོར་རླངས་འཁོར་འགྲོ་འོང་མ་ཐུབ་པར་བཀག་སྡོམ་བྱེད་དགོས་བྱུང་འདུག།
གཞན་རྒྱ་ནག་གི་གསར་འགྱུར་ནང་། ཐེངས་འདིའི་མེ་སྐྱོན་སྐབས་སུ་ས་གནས་བོད་པ་མང་པོ་ཞིག་གིས་རང་རང་འཁོས་འབྱོར་ལ་དཔག་པའི་ཟ་མ་བཟོས་ཏེ། མེ་གསོད་རུ་ཁག་གི་ལས་མི་རྣམས་ལ་ལྟོགས་སྐོམ་སེལ་ཐབས་ཀྱི་རོགས་རམ་བྱེད་བཞིན་པའི་རྣམ་པ་སོགས་ཀྱི་གནས་ཚུལ་ཐོན་འདུག དེ་བཞིན་བོད་གནས་བསྐྱར་ཞིབ་ཏུ་འབོད་པའི་དབྱིན་ཡིག་གི་བརྒྱུད་ལམ་ལས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་འབྲེལ་གསར་ཁང་དང་རྒྱ་ནག་ཉིན་རེའི་ཚགས་ཤོག་གིས་དཀར་མཛེས་ཁུལ་ནགས་ཚལ་དང་རྩྭ་ཐང་སྲུང་སྐྱོབ་བཀོད་འདོམས་ཁང་ཞེས་པས་གནས་ཚུལ་མཁོ་འདོན་བྱས་པ་ལུང་དྲངས་ནས་བརྗོད་དོན་དུ། ཉག་ཆུ་རྫོང་ཁོངས་གྲོང་ཚོ་༡༡ དང་མི་གྲངས་༣༣༩༦ བདེ་འཇགས་ཀྱི་ས་ཚུགས་༨ ལ་སྤོས་ཏེ་ཁ་བཀྲམས་ནས་བཞག་ཡོད་ལུགས་བརྗོད་འདུག།
ཉག་ཆུ་ཁ་ནི་བོད་ཀྱི་ཤར་ཕྱོགས་ཁམས་ཀྱི་ལྷོ་རྒྱུད། ལི་ཐང་དང་མི་ཉག་གི་བར་ཆུ་བོ་ཉག་ཆུའི་རྒྱུད་དུ་ཆགས་ཤིང་། ཤར་དར་རྩེ་མདོ་ནས་བརྩིས་ན་ནུབ་དང་། ལྷོ་མཚམས་མུ་ལི་ནས་བརྩིས་ན་བྱང་། ལྷོ་ནུབ་ལི་ཐང་ནས་བརྩིས་ན་བྱང་ཤར། བྱང་ཉག་རོང་དང་རྟའུ་སོགས་ནས་བརྩིས་ན་ལྷོ་རུ་གནས་ཤིང་། རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ལས། ད་ལྟ་རྒྱ་ནག་གིས་ཆ་བགོས་བྱས་པའི་དཀར་མཛེས་ཁུལ་ཉག་ཆུ་རྫོང་ཁོངས་སུ་ས་ཁུལ་༤ དང་གྲོང་བརྡལ་༡ ཡུལ་ཚོ་ཁག་༡༦། གྲོང་ཚོ་༡༡༣ དང་། མི་གྲངས་༤༩༤༧༤ ལྷག་ཙམ་ཡོད་པ་དང་། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་༧༦༨༡.༥ ཡོད་ལུགས་འཁོད་འདུག།
ཆུ་བོ་རྨ་འབྲི་གཉིས་ཀྱི་བར་ན། བྱང་སྡེ་ཟླ་ཆུ་ཁ་ནས་མར་འབབ་པའི་ཟླ་ཆུ་ཡར་བསྣན་ནས་འབྲི་ཆུ་དང་། ཟླ་ཆུའི་བར་སྒང་ལ་འབྲི་ཟླ་ཟལ་མོ་སྒང་ཞེས་འབོད་སྲོལ་ཆགས་འདུག་ཅིང་། ཉག་ཆུ་ཞེས་པའི་ཆུ་བོ་འདིའི་མིང་ལ་སྟོད་ན་ཟླ་ཆུ་དང་། སྨད་ན་ཉག་ཆུ་ཟེར་བ་དང་། དེང་སང་རྒྱ་ནག་སྐད་དུ། ཡ་ཀློང་ཅང་ཟེར་ཞིང་། དེང་དུས་རྫ་ཆུ་ཞེས་འབྲི་སྲོལ་ཡོད་འདུག་ཀྱང་། འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེས་མཛད་པའི་བསངས་ཡིག་དང་། ལོ་རྒྱུས་ཐམས་ཅད་ནང་དུ། འབྲི་ཟླ་ཟལ་མོ་སྒང་དང་། ཟླ་ཀླུང་དང་། ཟླ་ཁོག་ཅེས་བྲིས་འདུག།
ཉག་ཆུ་ནི་བ་ཡན་ཧ་རི་ནས་ཡུལ་ཤུལ་ཁྲི་འདུའི་ཤར་ངོས་བརྒྱུད་ཉག་རོང་དུ་འབབ་པ་དང་། ཉག་ཆུ་ཁ་ནས་ལང་ཧྲན་བརྒྱུད་འབྲི་ཆུར་འདྲིས་འགྲོ་ཡི་ཡོད་པ་རེད། ཆུ་རྒྱུན་རིང་ཚད་ལ་སྤྱི་ལེ་༨༥༠ ལྷག་ཡོད་པ་དེ་ལྟར་ཉག་ཆུའི་རྒྱུད་ཀྱི་ས་མིང་ལ་ཉག་ཆུ་ཁ་ཞེས་ཐོགས་པ་དང་དེ་གནས་ཀྱི་མི་རྣམས་ལ་ཉག་ཆུ་ཁ་པ་ཞེས་འབོད་ཅིང་། བོད་ཀྱི་དབུས་གདན་ས་ཁག་ཏུ་གྲྭ་སར་ཕེབས་དུས་ཉག་ཆུ་ཤར་རྒྱུད་རྣམས་མང་ཆེ་བ་མི་ཉག་གི་ཁོངས་སུ་གཏོགས་པས་འབྲས་སྤུངས་བློ་གསལ་གླིང་ལ་ཕེབས་སྲོལ་དང་། ཉག་ཆུ་ནུབ་རྒྱུད་རྣམས་ལི་ཐང་དང་འདྲིས་ཆེ་བས་དེ་ལུགས་གྲྭ་ཚང་གཞན་དུ་ཕེབས་པ་སོགས་ཇི་སྙེད་ཅིག་ཡོང་གི་ཡོད་ཀྱང་། སྡེ་སྲིད་སངས་རྒྱས་མཚོས་མཛད་པའི་རི་བོ་དགེ་ལྡན་པའི་ཆོས་འབྱུང་བཻཌཱུར་སེར་པོའི་མེ་ལོང་ལྟར་ན་ས་གནས་ཀྱི་ཁོངས་གཏོགས་དང་གདན་སའི་ཐོབ་ཁོངས་སོགས་གསལ་པོ་ཡོད་པ་བོད་ཁོངས་བསྙོན་མེད་མ་ཟད། ཡུལ་གོམས་གཤིས་ལུགས་དང་། རིག་གནས་ཀྱི་འགྲོ་སྟངས། སྐད་དང་ཆ་ལུགས་སོགས་མི་ཉག་དང་ཧ་ལམ་གཅིག་མཚུངས་ལྟ་བུ་ཡོད་པ་རེད།
གླེང་སྟེགས།