ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༤/༡༡/༢༥

ས་ཡོམ་དང་འཛུགས་སྐྲུན།


༄༅།། ཕྱི་ཟླ་༩་པའི་ཚེས་༥་ཉིན་གྱི་ས་གནས་ཆུ་ཚོད་༡༢:༥༢་ཐོག་ཏུ་སི་ཁྲོན་ཞིང་ཆེན་གྱི་དཀར་མཛད་བོད་རིགས་རང་སྐྱོང་ཁུལ། ལྕགས་ཟམ་རྫོང་དུ་ས་ཡོམ་འགུལ་ཚད་༦.༨་ཅན་ཞིག་བརྒྱབ།།

རྒྱ་ནག་གི་གསར་འགོད་གསལ་བསྒྲགས་ཤིག་ཏུ་ས་འགུལ་བརྒྱུག་ཡུལ་ལྟེ་བ་ནི་སི་ཁྲོན་ཞིང་ཆེན་གྱི་རྒྱལ་ས་ཁྲེང་ཏུའུ་ནས་སྤྱི་ལེ་༢༢༦་གི་མཚམས་དང་དར་རྩེ་མདོ་ཁུལ་གྱི་རྒྱལ་ས་ནས་སྤྱི་ལེ་༤༣་གྱི་ལྷོ་ཤར་མཚམས་སུ་ཆགས་པའི་མོ་ཞི་ས་ཁུལ་རེད་ཅེས་བསྒྲགས།། གཞུང་འབྲེལ་གྲངས་ཐོའི་ནང་དུ་མི་༩༣་ལ་སྲོག་སྐྱོན་དང་མི་༤༢༣་ལ་རྨས་སྐྱོན། ཁང་པ་༡༣༠༠༠་ལྷག་ལ་གཏོར་བཤིག རྨང་གཞིའི་མཐུན་རྐྱེན་གཞན་ལའང་གཏོར་སྐྱོན་ཕོག་པའམ། ཡང་ན་བསྣུབས་འདུག དེ་ནི་༢༠༡༧་ནས་བཟུང་སྟེ་བྱུང་མྱོང་མེད་པའི་ཆེས་ཚབས་ཆེན་གྱི་ས་ཡོམ་ཞིག་རེད་ཅེས་འཁོད། སི་ཁྲོན་ནི་རྒྱ་གར་གྱི་ས་གཞི་དང་ཡུ་རེ་ཤི་ཡའི་ས་གཞི་གཉིས་གདོང་ཐུག་བརྒྱབ་སྟེ་ས་ཡོམ་གྱི་འཁྲུག་ཆ་ཧ་ཅང་ཆེ་བའི་བསྟི་གནས་ཤིག་ཏུ་ཆགས་ཡོད་ཅིང་། ད་དུང་ཡང་ཁུལ་དེའི་ས་འོག་ཏུ་མུ་མཐུད་དེ་གཡོ་འཁྲུག་འབྱུང་།།

༢༠༢༢་ལོའི་ས་ཡོམ།
ཉེན་སྐྱོབ་ལས་མི་རྣམས་མྱུར་དུ་ས་གནས་སུ་ཆས་ཏེ་རྒྱ་ནག་གི་དམག་དོན་དྲྭ་ལམ་དུ་ཕྱི་ཟླ་༩་པའི་ཚེས་༥་ཉིན་གྱི་ཕྱི་དྲོ་ཙམ་ལ་དམག་ཤོག་༧༧་པའི་ཁོངས་ཀྱི་མཁའ་འབབ་དམག་དཔུང་དང་བཟོ་བཀོད་དཔུང་སྡེ། སྨན་བཅོས་སྲི་ཞུ་བ་རྣམས་གྲ་སྒྲིག་བྱས་ཟིན། ཆུ་ཚོད་༡༨:༡༠་སྟེང་དུ་རླངས་འཁོར་༢༨་དང་སྲི་ཞུ་བ་༢༠༠་ཡོད་པའི་རུ་ཁག་ཅིག་གིས་ཉེན་སྐྱོབ་ཡོ་ཆས་ཁྱེར་ནས་བྲེལ་མྱུར་གྱིས་ས་ཡོམ་རྒྱག་ཡུལ་དུ་བརྒྱུགས། ཕྱི་ཟླ་༩་པའི་ཚེས་༦་གི་སྔ་དྲོའི་ཆུ་ཚོད་༠༠:༢༠་སྟེང་དུ་ཉེན་སྐྱོབ་པ་རྣམས་ས་ཡོམ་རྒྱག་ཡུལ་གྱི་ལྟེ་གནས་སུ་འབྱོར། ཉིན་དེའི་ཞོགས་པའི་ཆུ་ཚོད་༧:༤༠་སྟེང་དུ་རླངས་འཁོར་༢༨་དང་མི་༢༠༠་ལྷག་ཡོད་པའི་བཟོ་བཀོད་དམག་དཔུང་གིས་གུར་དང་འཚོ་བའི་མཁོ་ཆས་རྣམས་བསྐྱལ་བར་མ་ཟད། ཕྱི་ཉིན་ཡང་དམག་དང་ཞི་བའི་ལས་སྣེ་རྣམས་མུ་མཐུད་དུ་ས་ཡོམ་རྒྱག་ཡུལ་དུ་བསླེབས།།

ས་ཡོམ་དེ་འཛུགས་སྐྲུན་ལ་འབྲེལ་བ་ཡོད་དམ།
རྒྱ་ནག་གི་དབང་འཛིན་པ་ཚོས་ཞིབ་འཇུག་བྱེད་དགོས་པའི་གནད་དོན་གལ་ཆེན་ཞིག་ནི་སྐྱེ་མཁམས་ལ་དོ་ཕོག་ཧ་ཅང་འགྲོ་སླ་བའི་གོད་ཆག་འབྱུང་ཡུལ་དུ་འཛུགས་སྐྲུན་གྱི་ལས་གཞི་རྒྱ་ཆེན་པོ་གཉེར་བྱེད་ཀྱི་ཡོད་པ་དེ་ཡིན་ཞིང་། རྒྱ་ནག་གི་གསར་འགྱུར་ལས་ཁང་ཁག་གིས་འདྲ་པར་བཀྲམ་པ་དེ་དག་གི་ནང་དུ་ཉེན་སྐྱོབ་ལས་མི་རྣམས་སི་ཁྲོན་གྱི་ཆུ་བོ་རིང་ཤོས་འབྲི་ཆུའི་ཆུ་ལག་སྟེ། རྒྱལ་རོང་རྒྱལ་མོ་དངུལ་ཆུའི་ཐོག་ཏུ་གདུང་གྲུ་བཏང་སྟེ་སྐྱོད་ཀྱི་ཡོད་པ་རྣམས་གསལ། དེས་ས་ཡོམ་རྒྱག་ཡུལ་གྱི་ལྟེ་བ་དེ་ཆུ་འགྲམ་དུ་ཡོད་པ་མཚོན་ནུས། ང་ཚོས་༡༧༨༦་ལོར་དར་རྩེ་མདོར་ས་ཡོམ་བྱུང་དོན་ནི་ས་རུད་བརྒྱབ་སྟེ་རྒྱལ་རོང་རྒྱལ་མོ་དངུལ་ཆུའི་སྟེང་གི་ཆུ་མཛོད་ཅིག་ཁ་ཤོར། དེ་ནས་སྨད་ཕྱོགས་ཀྱི་སྤྱི་ལེ་༡༤༠༠་ཐམ་པའི་ས་ཁྱོན་ལ་ཆུ་ལོག་བརྒྱུགས་ཏེ་མི་༡༠༠༠༠༠་ཡས་མས་ཤི་བ་དྲན་དགོས།།

འཛུགས་སྐྲུན་གྱི་ལས་གཞི་ཁག
ཝི་ཀི་ཕི་ཌི་ཡ་དྲྭ་མཛོད་ནང་དུ་གནས་ཚུལ་ཐོན་པ་ལྟར་ན། དེང་སྐབས་གློག་མཁོ་འདོན་གྱི་ཆེད་དུ་རྒྱལ་རོང་རྒྱལ་མོ་དངུལ་ཆུའི་སྟེང་དུ་འཛུགས་སྐྲུན་བྱ་རྒྱུ་མང་དྲགས་ཡོད་ཅིང་། ༢༠༡༤་ལོའི་ཕྱི་ཟླ་༣་པ་བར་དུ་གཙང་པོ་དེའི་སྟེང་དུ་ཆུ་མཛོད་༢༦་འཛུགས་སྐྲུན་བྱས་ཟིན་པའམ། ཡང་ན་འཛུགས་སྐྲུན་བྱེད་བཞིན་མཆིས། དེ་མིན་ན་འཛུགས་སྐྲུན་བྱ་འཆར་ཡོད་པ་ཡིན་འདུག རྒྱལ་རོང་རྒྱལ་མོ་དངུལ་ཆུའི་ཆུ་གཉིས་འགག་གི་ཆུ་མཛོད་ནི་འཛམ་གླིང་གི་ཆུ་མཛོད་མཐོ་ཤོས་སུ་གྱུར། དེའི་འཁྲིས་སུ་ཡ་ཨན་ཡེ་ཁྲེང་མྱུར་སྐྱོད་གཞུང་ལམ་(ཡ་ཡེ་མྱུར་སྐྱོད་ལམ་ཡང་ཟེར)འཛུགས་སྐྲུན་བྱས་ཏེ་བོད་ཀྱི་མཐོ་སྒང་བརྒལ་ནས་སི་ཁྲོན་གྱི་ཡ་ཨན་དང་ཞིན་ཅང་གི་ཡེ་ཁྲེང་གཉིས་མཐུད་འཆར་ཡོད་པ་དང་དར་རྩེ་མདོའི་ཉེ་འཁྲིས་སུ་ཁེལ་བའི་གཞུང་ལམ་དེའི་ཚན་པ་དེ་བཀོལ་སྤྱོད་བྱེད་ཆོག་པར་གྱུར། ད་དུང་རྒྱལ་ཡོངས་གཞུང་ལམ་༣༡༨་པ་(G318)འཛུགས་སྐྲུན་བྱས་ཏེ་ཧྲང་ཧེ་ནས་རྒྱ་བལ་གྱི་ས་མཚམས་འགྲམ་བར་དུ་མཐུད། གཞུང་ལམ་དེ་ནི་རིང་ཤོས་དང་སྤྱི་ལེ་༥༤༧༦་ཡོད་པ་དེ་ས་ཡོམ་རྒྱག་ཡུལ་བརྒྱུད་ནས་འཛུགས་སྐྲུན་བྱས་འདུག

ད་དུང་རྒྱ་ནག་གི་ཆེས་མགོ་རྙོག་ཆེ་བའི་ལས་གཞི་ཞིག་གཉེར་གྱི་ཡོད་པ་ནི་སི་ཁྲོན་ནས་བོད་ལ་ལྕགས་ལམ་བཙུགས་ཏེ་ཁྲེང་ཏུའུ་དང་བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ས་ལྷ་ས་གཉིས་མཐུད་རྒྱུ། སི་ཁྲོན་གྱི་རྒྱལ་ས་དང་བོད་ཀྱི་རྒྱལ་སའི་བར་དུ་རྒྱང་ཐག་སྤྱི་ལེ་༡༦༢༩་ཡོད་པའི་འགྲིམ་འགྲུལ་གྱི་དུས་ཡུན་ཆུ་ཚོད་༤༨་འགོར་གྱི་ཡོད་པ་ཆུ་ཚོད་༡༣་བར་དུ་ཇེ་ཐུང་ལ་གཏོང་རྒྱུ་རེད་འདུག

རྒྱ་ནག་གི་བཟོ་བཀོད་སློབ་གླིང་གི་སློབ་དཔོན་ལུ་ཁྲུན་ཧྥང་གིས་སི་ཁྲོན་དང་བོད་ཀྱི་ལྕགས་ལམ་ནི་ས་ཁམས་ཆགས་ཚུལ་མགོ་རྙོག་ཆེ་བ་སོགས་ཚུད་པའི་ཁོར་ཡུག་ལ་གནོད་སྐྱོན་འཕོག་སླ་བའི་ས་ཁུལ་ཞིག་ཏུ་འཛུགས་སྐྲུན་བྱེད་ཀྱི་ཡོད་པར་དཀའ་ངལ་ཇི་སྙེད་ཅིག་འཕྲད་རྒྱུ་ཡིན་པ་ཁས་བླངས། རྒྱ་ནག་ཉིན་རེའི་ཚགས་པར་གྱི་བཅར་འདྲི་ཞིག་གི་སྐབས་སུ་ལུ་ཁྲུན་ཧྥང་གིས་འཛུགས་སྐྲུན་བྱས་པའི་རྗེས་སུ་སི་ཁྲོན་དང་བོད་ཀྱི་ལྕགས་ལམ་དེ་རི་བོ་བརྒྱད་བརྒལ་དགོས་ཤིང་། ལྕགས་ལམ་དེའི་བརྒྱ་ཆ་༩༣་ཟམ་པ་དང་ཕུག་ལམ་བརྒྱུད་དགོས་པར་མ་ཟད། ཕུག་ལམ་དྲུག་གི་རིང་ཚད་ནི་སྤྱི་ལེ་༣༠་ལྷག་ཡིན་པ་དང་རིང་ཤོས་དེ་སྤྱི་ལེ་༤༢་རེད་ཅེས་བསྟན། བོད་མཐོ་སྒང་ནི་གོ་ལའི་དཀྱིལ་ཁོག་ཏུ་ཚ་དྲོད་ཆེན་པོ་བསགས་ཡོད་པ་ཕྱི་ལ་བརྡོལ། ཡུ་རེ་ཤི་ཡའི་ས་གཞི་དང་རྒྱ་གར་གླིང་ཟུར་གཉིས་བརྡབས་འཁྲུག་ཆེན་པོ་ཐེབས་ཏེ་ཆགས། རྒྱ་ནག་ལྷོ་ཕྱོགས་སྔ་དྲོའི་ཚགས་པར་གྱིས་ཕུག་ལམ་མང་པོ་ཞིག་བྲག་ཁུང་ཡིན་པ་དང་ས་འོག་གི་ཚ་དྲོད་སེལ་སེ་སི་༨༩་ཟིན། ཚ་དྲོད་ཆེ་དྲགས་ཏེ་མི་དང་འཁྲུལ་ཆས་གཉིས་ཀས་ཨར་མི་བརྟེན་ཞེས་གནས་ཚུལ་སྤེལ། དེ་བཞིན་ལྕགས་ལམ་དེ་བརྡབས་འཁྲུག་ཆེ་བའི་ས་ཁུལ་༤༠་བརྒྱུད་དགོས་པའི་གནས་ཚུལ་ཐོན་འདུག

འཛུགས་སྐྲུན་བྱ་རྒྱུ་ཐལ་དྲགས་ནས་ས་འགུལ་བརྒྱུགས་པ་ཡིན་ནམ། ལྕགས་ཟམ་རྫོང་དུ་སྔོན་ཆད་གཏན་ནས་མཐོང་མྱོང་མེད་པའི་འཛུགས་སྐྲུན་བྱས་པ་དང་ས་ཡོམ་གཉིས་འབྲེལ་བ་ཡོད་དམ། གལ་སྲིད་འབྲེལ་བ་ཡོད་ན་དེ་ལ་ཚན་རིག་གིས་དྲང་བདེན་གྱིས་ཞིབ་འཇུག་བྱས་ནས་ཐག་གཅོད་བྱེད་དགོས། ཡིན་ནའང་ཅི་སྲིད་དོགས་པ་དེ་ཡོད་ཕྱིན་ཆད་ལ་འཆར་འགོད་པ་ཚོས་ས་གནས་དེར་འཛུགས་སྐྲུན་བྱ་རྒྱུར་མནོ་བསམ་བསྐྱར་དུ་གཏོང་དགོས།།

རྒྱ་ནག་དམར་ཤོག་ཚོགས་པའི་དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་འཐུས་མི་དང་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཚོགས་གཙོ་ལི་ཀྲན་ཧྲུ་༢༠༢༢་ལོའི་ཕྱི་ཟླ་༧་པའི་ཚེས་༡༢་ནས་༡༥་བར་དུ་བོད་ལ་གཟིགས་ཞིབ་ཏུ་བསྐྱོད། ཁོ་པས་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ཞིབ་འཇུག་དང་དེ་ལ་སྲུང་སྐྱོབ་ཀྱི་བཅའ་ཁྲིམས་གཏན་འབེབས་བྱ་དགོས་ཞེས་ནན་གྱིས་བསྐུལ།།

ལི་ཀྲན་ཧྲུའི་གཟིགས་ཞིབ་དེའི་སྐབས་སུ་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ལ་སྲུང་སྐྱོབ་ཀྱི་བཅའ་ཁྲིམས་གཏན་འབེབས་བྱ་དགོས། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་གནས་བབ་ནི་དམིགས་བསལ་བ་ཞིག་རེད། རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་བདེ་འཇགས་ལའང་འབྲེལ་བ་གལ་ཆེན་ཞིག་ཆགས་འདུག་ཅེས་བསྟན། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཁྲིམས་ནི་ས་གནས་ཀྱི་དམིགས་བསལ་བཅའ་ཁྲིམས་ཤིག་ཡིན། བཅའ་ཁྲིམས་དེ་ལག་ལེན་བསྟར་པའི་རྗེས་སུ་དེའི་ཤུགས་རྐྱེན་ནི་མངའ་ཁུལ་དེ་ལས་བརྒལ་ཏེ་ཁྱབ་ཐུབ། ང་ཚོས་མིག་རྒྱང་བསྐྱེད་ནས་ཕྱོགས་ཡོངས་ལ་བསམ་བློ་གཏོང་དགོས་ཞེས་སྒྲུབ་བྱེད་བཀོད།།

ད་ལྟ་ལི་ཀྲུན་ཧྲུ་རྒྱ་ནག་དམར་ཤོག་ཚོགས་པའི་གནས་རིམ་ཁྲོད་དུ་གོ་གནས་ཨང་གསུམ་པ་འཛིན་མཁན་ཡིན་རུང་བདུན་ཕྲག་འགའ་ཞིག་གི་རྗེས་སུ་འཕོ་འགྱུར་འགྲོ་རྒྱུ་དང་ལས་འཁྱུར་མ་ཕྱིན་གོང་དེར་ཨུ་རུ་སུ་དང་སོག་ཡུལ། བལ་ཡུལ་དང་ལྷོ་ཀོ་རི་ཡ་བཅས་ལ་གྱེས་བྲལ་གྱི་མཚམས་འདྲིར་བསྐྱོད། ཁོ་པའི་རྗེས་འཛིན་པས་ཁོར་ཡུག་ལ་བསམ་ཞིབ་ཀྱིས་འཛུགས་སྐྲུན་ལས་རིགས་ཁག་ལ་སྟངས་འཛིན་བྱ་རྒྱུའི་ཆོད་སེམས་གཅིག་མཚུངས་ཤིག་འཛུགས་རྒྱུ་ཡིན་ནམ། དེ་ལ་ངེས་གཏན་བྲལ། ཉེ་དུས་ཤིག་ནས་རྒྱལ་རོང་རྒྱལ་མོ་དངུལ་ཆུའི་སྟེང་གི་འཛུགས་སྐྲུན་གྱིས་རྒྱ་གར་ལ་བློ་འཚབ་བསླངས། རྒྱ་ནག་གིས་ཡར་ཀླུང་གཙང་པོ་ཁ་བསྒྱུར་ནས་ཆུ་ཤུགས་གློག་ཁང་འཛུགས་སྐྲུན་བྱ་འཆར་ཡོད་པའང་ས་འགུལ་བརྒྱུག་ཡུལ་དུ་ཁེལ་ཡོད་པ་རེད།།

འབྲེལ་ཡོད།

XS
SM
MD
LG