ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༡༢/༢༢

ཞི་ཅིན་ཕིང་གིས་ཆུ་ལོག་གི་གནོད་སྐྱོན་ལ་ཁ་ཡ་མ་བྱས་པར་སོ་སོ་པེ་ཏའེ་ཧེའི་དབྱར་སྐྱིད་ལ་ཕྱིན་འདུག


རྒྱ་ནག་གི་གྲོང་ཁྱེར་པེ་ཅིང་དང་ཧེ་པེ་ཞིང་ཆེན་གྱི་ས་ཁུལ་མང་དག་ཅིག་ལ་མི་ལོ་༡༤༠ ལྷག་གི་རིང་བྱུང་མྱོང་མེད་པའི་ཆུ་ལོག་གི་གནོད་སྐྱོན་ཆེན་པོ་ཞིག་འབྱུང་བཞིན་ཡོད་ཅིང་། ཉིན་ཞག་བསྟུད་མར་དྲག་ཆར་རྒྱུན་ཆད་མེད་པར་འབབ་ཐོག་མཚོ་རླུང་དྲག་པོ་བརྒྱབ་སྟེ། ས་གནས་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་འབྱོར་ཉེན་ཁའི་གནས་སུ་བརྫངས་ཡོད་པ་རེད། ཡིན་ན་ཡང་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་ཞི་ཅིན་ཕིང་གིས་ཆུ་ལོག་གི་གནོད་སྐྱོན་ལ་ཁ་ཡ་ཙམ་ཡང་མ་བྱས་པར་སྔར་རྒྱུན་བཞིན་དམར་ཤོག་ཚོགས་པའི་མཐོ་རིམ་དཔོན་པོ་ཚོ་སྣེ་ཁྲིད་ནས་པེ་ཏའེ་ཧེ་ཟེར་བའི་གནས་སུ་འཆར་ཅན་དབྱར་སྐྱིད་གཏང་དུ་ཕྱིན་འདུག

མཚོ་རླུང་དྲག་པོ་རྒྱག་བཞིན་པའི་སྟབས་ཀྱིས་ད་ལྟ་པེ་ཅིང་ཕྱོགས་ཀྱི་ཆུ་ལོག་གི་གནོད་སྐྱོན་དེ་བཞིན་རྒྱ་ནག་གི་བྱང་ཤར་ས་ཁུལ་དུ་གནས་སྤོ་བཞིན་ཡོད་པ་དང་། གནས་དེ་ལ་ཆུ་ལོག་གི་གནོད་སྐྱོན་ཐེབས་པའི་མི་དམངས་ཚོ་ཉེན་གཡོལ་དུ་ཁྲིད་དགོས་ཀྱི་ཡོད་པར་མ་ཟད། ཆུ་མཛོད་དང་ཆུ་རགས་ནང་གི་གསོག་ཆུ་རྣམས་ཕྱིར་གཏོང་བྱ་དགོས་ཀྱི་ཡོད་པ་རེད། ད་བར་པེ་ཅིང་དང་ཧེ་པེ་ཞིང་ཆེན་ནང་ཆུ་ལོག་གི་རྐྱེན་པས་ཉུང་མཐར་ཡང་མི་༢༠ ཙམ་གྱི་ཚེ་སྲོག་ཤོར་ཡོད་པའི་གནས་ཚུལ་ཐོན་ཡོད་པ་དང་། པེ་ཏའེ་ཧེ་ཡོད་སའི་ཧེ་པེ་ཞིང་ཆེན་ནང་ཆུ་ལོག་གི་གནོད་སྐྱོན་ཐེབས་པའི་མི་ས་ཡ་གཅིག་དང་འབུམ་གཉིས་ལྷག་ས་གནས་གཞན་དུ་ཉེན་གཡོལ་དུ་ཕྱིན་དགོས་བྱུང་འདུག ཧེ་པེ་ཞིང་ཆེན་ནང་ཉིན་བསྟུད་མར་དྲག་ཆར་བབས་པའི་ཚད་ནི་ཞིང་ཆེན་དེའི་ཆུ་མཛོད་ཆེ་འབྲིང་ཚང་མའི་སྡོམ་འབོར་གྱི་ཚད་ལས་ལྡབ་གཉིས་ལྷག་མང་བ་ཆགས་འདུག

རྒྱ་ནག་གི་སྤྱི་ཚོགས་དྲ་ལམ་ཐོག་ལ། རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་ཟུར་པ་ཅང་ཙེ་མིང་དང་ཧུའུ་ཅིན་ཐའོ། ལི་ཁེ་ཆང་དང་ཝེན་ཅཱ་པའོ་ལ་སོགས་པས་ཆུ་ལོག་གི་ཉེན་ཁ་ལ་མ་འཛེམ་པར་གནོད་སྐྱོན་ཐེབས་སའི་ས་ཁུལ་ཁག་དང་གནོད་འཚེ་ཕོག་མཁན་ཚོ་ལ་ལྟ་སྐོར་བྱེད་དུ་འགྲོ་མྱོང་བའི་བརྙན་པར་སོགས་བརྒྱུད་སྤེལ་ཤུགས་ཆེ་བྱེད་བཞིན་ཡོད་པ་དང་། ཤུགས་སུ་དམར་ཤོག་འགོ་ཁྲིད་ལས་ཐོག་ཞི་ཅིན་ཕིང་མཐོང་རྒྱུ་མེད་པ་ཆགས་ཡོད་པའི་སྐོར་ལ་ཟུར་ཟ་བྱེད་ཀྱི་ཡོད་པ་རེད།

རེ་ཊྲེ་སིའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལ། དེ་སྔོན་ཟླ་བ་བདུན་ཙམ་གྱི་རིང་ལ་རྒྱ་ནག་གི་ཕྱི་སྲིད་དཔོན་པོའི་གོ་གནས་ཟིན་མྱོང་མཁན་ཆིང་ཀང་སྤྱི་ཟླ་༦ པའི་ཟླ་མཇུག་ཙམ་ནས་གར་སོང་ཆ་མེད་དུ་གྱུར་ཡོད་པའི་གནས་ཚུལ་དེ་ད་དུང་གསལ་པོ་ཆགས་མེད་པའི་ཐོག ཉེ་ལམ་རྒྱ་ནག་བཅིངས་བགྲོལ་དམག་ཅེས་པའི་མེ་ཤུགས་འཕུར་མདེལ་གཏོང་མཁན་དམག་དཔུང་གི་དམག་སྤྱི་དང་དམག་གི་ཆབ་སྲིད་རྒྱུན་ལས་གཉིས་གློ་བུར་དུ་གོ་གནས་འཕོ་འགྱུར་བཏང་ཡོད་པ་དེ་ཡང་ཡ་མཚན་གཞི་ཞིག་ཆགས་ཡོད་པ་རེད། དེ་བས་ད་རེས་པེ་ཏའེ་ཧེ་ཚོགས་འདུ་ཐོག་ལ་ཆིན་ཀང་རྒྱུན་ལས་ཀྱི་མིང་ཐོག་ནས་མཉམ་བཞུགས་བྱ་མིན་ཡང་ད་དུང་གསལ་ཁ་མེད་པ་རེད། རྒྱ་ནག་དམར་ཤོག་གཞུང་གི་འགོ་ཁྲིད་ཟུར་པ་ཅང་ཙེ་མིང་ན་ནིང་ལོར་འདས་གྲོངས་སུ་ཕྱིན་ཡོད་པ་དང་ཧུའུ་ཅིན་ཐའོ་ན་ནིང་ལོའི་སྤྱི་ཟླ་༡༠ པར་ཚོགས་ཆེན་གཉིས་ཀྱི་ཚོགས་རའི་ནང་ནས་ཕྱིར་ལོགས་སུ་བཙན་ཁྲིད་བྱས་ཡོད་པ་དང་དེའི་རྒྱུ་མཚན་གང་ཡིན་སྐོར་གསལ་ཁ་མེད་པས་ད་རེས་ཁོ་པེ་ཏའེ་ཧེ་ལ་ཡོང་མིན་ཡང་ཤེས་ཀྱི་མེད་པ་རེད།

པེ་ཏའེ་ཧེ་དབྱར་སྐྱིད་གཏོང་ས་དེ་ནི་རྒྱ་ནག་གཞུང་གིས་དཔོན་རིགས་ཟུར་པ་དང་དཔོན་རིགས་ལས་ཐོག་ཚོ་མཉམ་གཅིག་ཏུ་འཛོམས་ནས་སྲིད་ཇུས་དང་རྩ་འཛིན། རྒྱལ་ཁབ་སྐྱོང་སྟངས་དང་དེ་བཞིན་སྤྱི་ཚོགས་ཀྱི་གནད་དོན་སོགས་ཀྱི་སྐོར་ལ་གྲོས་བསྡུར་བྱེད་ས་ཞིག་ཡིན་ཡང་། ཞི་ཅིན་ཕིང་གིས་དབང་སྒྱུར་བྱས་པའི་ལོ་བཅུའི་ནང་ཞིའི་སྒེར་གྱི་དབང་ཆ་སྲ་བརྟན་གཏོང་བར་ཤུགས་སྣོན་བྱས་ཏེ། དམར་ཤོག་དཔོན་རིགས་ཟུར་པ་ཚོ་ལ་སྐད་ཆ་བཤད་སའི་སྡིགས་ཆ་ཆུང་དུ་ཕྱིན་ཡོད་པ་རེད། རྒྱ་ནག་གཞུང་འབྲེལ་གསར་ཁང་གིས་བརྗོད་དོན་ལ། དམར་ཤོག་ཚོགས་པ་དང་རྒྱལ་ཁབ་ཀྱི་ངོས་ནས་ལོ་ལྟར་དབྱར་དུས་ཀྱི་གུང་གསེང་དང་སྟབས་བསྟུན། ཆེད་མཁས་པ་ཚོ་དབྱར་སྐྱིད་གཏོང་སར་གདན་ཞུས་བྱེད་པའི་ལུགས་སྲོལ་ཡོད་པ་ལྟར། ད་ལོར་རྒྱ་ནག་གི་འཕྲུལ་རིག་ལག་རྩལ་གྱི་ཁྱབ་ཁོངས་ནས་བྱས་རྗེས་ཆེན་པོ་བཞག་མྱོང་མཁན་གྱི་ཆེད་མཁས་པ་༥༧ སླེབས་ཡོད་འདུག

པེ་ཅིང་དང་ཐག་ཉེ་སའི་ཧེ་པེ་ཞིང་ཆེན་གྱི་དཔོན་པོས་པེ་ཅིང་དང་ཐའེ་ཅིང་ལ་སོགས་པའི་ནང་ཆར་ཆུ་ཉུང་དུ་བཏང་ཆེད་ཆུ་རགས་དང་ཆུ་ལོག་འབབ་སྒོ་བདུན་ཕྱེས་ཡོད་པ་དང་། དེས་ཧེ་པེ་ནང་གི་ཀྲོག་ཀྲུའུ་གྲོང་ཁྱེར་ནང་མི་དམངས་ཀྱི་སྡོད་ཁང་དང་འཛུགས་སྐྲུན། སྲང་ལམ་ཡོད་ཚད་ཆུས་བསྣུབས་ནས་ད་ལྟ་ཆུའི་ཟབ་ཚད་ལ་དབྱིན་ཁྲི་༢༣ ཙམ་ལ་སླེབས་འདུག དེ་བཞིན་ཧེ་པེ་ཞིང་ཆེན་དང་པེ་ཅིང་གི་ས་མཚམས་ལ་ཡོད་པའི་གྲོང་སྡེ་ཁག་གི་ནང་མི་ས་ཡ་གཅིག་ཙམ་ས་ཆ་གཞན་དུ་ཕྱིར་འཐེན་མི་བྱེད་ཁ་མེད་ཆགས་ཡོད་པ་དང་། ཡང་ས་ཁུལ་འགའ་ཤས་ལ་ཆུ་དང་གློག དྲ་རྒྱ་སོགས་ཆད་ཡོད་པ་དང་ཉུང་མཐར་ཡང་མི་བརྒྱ་ཕྲག་འགའ་ཤས་གར་སོང་ཆ་མེད་ཆགས་ཡོད་པའི་གནས་ཚུལ་ཐོན་འདུག རྒྱ་ནག་ཧེ་པེ་ཞིང་ཆེན་གྱི་དཔོན་རིགས་ཚོས་པེ་ཅིང་གི་དཔོན་རིགས་ཚོ་ལ་སེམས་གསོ་ཆེད་དུ་ཆུ་སྒོ་ཕྱེས་ནས་ཀྲོག་ཀྲུའུ་མི་དམངས་ས་ཡ་མང་པོའི་ཚེ་སྲོག་ཉེན་ཁའི་གནས་སུ་བརྫངས་པའི་བྱེད་སྟངས་དེ་ལ་རྒྱ་ནག་མི་དམངས་ཚོས་ཁོང་ཁྲོ་ཆེན་པོ་ལངས་བཞིན་ཡོད་པར་མ་ཟད། ཆུ་རགས་སྒོ་ཕྱེ་དུས་ས་གནས་མི་དམངས་ཚོར་གཞུང་འབྲེལ་གྱི་ཐོག་ནས་ཉེན་བརྡ་སོགས་གང་ཡང་བཏང་མེད་པ་དང་མི་དམངས་ལ་ཐེབས་པའི་གྱོང་གུད་དེ་ཡང་གཞུང་གིས་གུན་གསབ་བྱ་རྒྱུར་ཡིད་ཆེས་བྱེད་ཀྱི་མེད་པ་རེད་འད

XS
SM
MD
LG