ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༡༡/༢༣

༧གོང་ས་མཆོག་གིས་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ལ་འཚམས་འདྲི་སྩལ་གནང་བ།


ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཚོགས་ཆུང་གིས་འདི་ལོའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་དེ་བཞིན་ཨི་རན་ནས་ཡིན་པའི་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་ལྕམ་ ནཱར་གི་སེ་ མོ་ཧཱ་མཱཌེ་ མཆོག་ལ་ཕུལ་གནང་བར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྒྱལ་བའི་ཕོ་བྲང་ནས་འཚམས་འདྲིའི་གསུང་འཕྲིན་ཞིག་སྩལ་གནང་མཛད་ཡོད་པ་རེད།

འཚམས་འདྲིའི་གསུང་འཕྲིན་དེའི་ཞིབ་ཕྲའི་ནང་དོན་སྐོར་ལ་འདི་ག་ཨ་རིའི་རླུང་འཕྲིན་ཁང་ནས་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཆོས་སྐྱབས་པ་འཆི་མེད་རིག་འཛིན་ལགས་སུ་བཅར་འདྲི་ཞུས་པའི་ནང་། མགོན་པོ་མཆོག་ནས། ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་གནང་མཁན་ཁོང་གིས་བུད་མེད་ཀྱི་ཐོབ་ཐང་འདྲ་མཉམ་ཡོང་ཐབས་ལ་དམིགས་བསལ་ཐུགས་འགན་བཞེས་གནང་ཡོད་པར་བསྔགས་བརྗོད་གནང་ཡོད་པ་དང་། ལྷག་པར་དུ་ད་རེས་ཀྱི་གཟེངས་རྟགས་འདི་བཞིན་བུད་མེད་ཅིག་ལ་ཐོབ་པ་བྱུང་བ་འདིས་ང་རང་ཚོ་སྐྱེས་མ་ཐག་ནས་བཟུང་མི་ཚེ་ཧྲིལ་པོའི་ནང་བུད་མེད་ཀྱི་གལ་གནད་ཆེ་བའི་རང་བཞིན་ལ་ངོས་འཛིན་ཐོབ་པ་ཡང་མཚོན་གྱི་ཡོད་ཅེས་དང་། མ་ཟད་འགྲོ་བ་མི་ཚང་མ་ཕན་ཚུན་གཅིག་ལ་གཅིག་རྟེན་གྱིས་གནས་སྟངས་ཐོག་ནས་འགྲོ་བ་མི་ཚང་མར་གཅིག་འགྱུར་གྱི་འདུ་ཤེས་འཛིན་དགོས་པའི་གལ་གནད་སོགས་ཀྱི་སྐོར་འཁོད་གནང་ཡོད་པ་འགྲེལ་བརྗོད་གནང་བྱུང་།

གཞི་རྩའི་ལྕམ་ ནཱར་གི་སེ་ མོ་ཧཱ་མཱཌེ་ མཆོག་ནི་ ཨི་རན་ ནང་བུད་མེད་དང་ཆབ་སྲིད་བཙོན་པ། གྲངས་ཉུང་མི་མང་གི་ཐོབ་ཐབ་སྲུང་སྐྱོབ་ཆེད་དུ་གསར་འཛུགས་བྱས་པའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བསྟི་གནས་ཁང་དེའི་ཚོགས་གཞོན་ཡིན་ཞིང་། ཁོང་གི་སྐུ་ཚེའི་ནང་ཨི་རན་གྱི་བུད་མེད་ཀྱི་ཐོབ་ཐང་སྲུང་སྐྱོབ་དང་། དེ་བཞིན་རྒྱལ་ཁབ་དེའི་ནང་སྲོག་གཅོད་ཀྱི་ཁྲིམས་གཅོད་འགོག་ཐབས་སོགས་ཀྱི་ལས་འགུལ་སྣ་མང་སྤེལ་བའི་རྐྱེན་གྱིས་བཙོན་འཇུག་ཁྲིམས་ཆད་ཀྱི་དཀའ་སྡུག་རིམ་པར་བརྒྱུད་མྱོང་མཁན་ཞིག་ཀྱང་ཡིན་པ་རེད་འདུག་ལ། འདི་ལོའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་འདི་ཡང་ལྕམ་ ནཱར་གི་སེ་ མཆོག་ནས་ ཨི་རན་ནང་བུད་མེད་ལ་བཙན་གནོན་གཏོང་བའི་བྱ་སྤྱོད་ལ་ཁ་གཏད་དང་། དེ་བཞིན་འགྲོ་བ་མིའི་ཐོབ་དང་རང་དབང་སྲུང་སྐྱོབ་ཀྱི་ལས་འགུལ་སྤེལ་གནང་བ་སོགས་ལ་ངོས་འཛིན་གྱིས་ཕུལ་བ་ཞིག་ཡིན་པ་རེད་འདུག

གཞན་ཡང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཆར་དང་འབྲེལ་ཏེ། ཉེ་ལམ་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་གསལ་བསྒྲགས་བསྐྱངས་པའི་ནང་། འབྲས་ལྗོངས་མངའ་སྡེའི་ནང་ཆུ་ལོག་གི་གོད་ཆག་བྱུང་བར་བརྟེན་མངའ་སྡེ་གཞུང་ནས་གནོད་འཚེ་ཕོག་ཡུལ་ས་ཁུལ་ཁག་ནང་དཀའ་སེལ་ཉམས་གསོའི་ཆེད་དུ་ལས་དོན་གནང་དགོས་པར་བརྟེན། ཕྱི་ལོ་ ༢༠༢༣ ཟླ་ ༡༠ ཚེས་ ༡༦ ནས་ ༢༢ བར་གྱི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་འབྲས་ལྗོངས་སྒང་ཏོག་དང་། ནུབ་བྷང་གྷལ་ས་ལུ་སྒར་གྱི་མཛད་འཆར་དེ་བཞིན་རྗེས་མའི་གསལ་བསྒྲགས་མ་གནང་བར་དུ་ཕར་འགྱང་ཞུ་རྒྱུ་དང་། མཛད་འཆར་ཕར་འགྱང་ལ་བརྟེན་ནས་མཛད་དཀའ་བྱུང་ཡོད་པ་རྣམས་ལ་དགོངས་སེལ་ཞུ་རྒྱུ་ཡིན་ཞེས་གསུངས་གནང་འདུག

XS
SM
MD
LG