ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༡༢/༢༢

ནན་སི་ཕེ་ལི་སི་སླར་ཡང་ཚོགས་གཙོར་འདེམས་ཐོན་བྱུང་བར་འཚམས་འདྲི།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ཁ་སང་ཕྱི་ཟླ་དང་པོའི་ཚེས་༣་ཉིན་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་ཚོས་ནན་སི་ཕེ་ལོ་སི་སླར་ཡར་ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་ཚོགས་གཙོར་འདེམས་ཐོན་བྱུང་ཡོད་ཅིང་། དེ་རིང་ཕྱི་ཚེས་༤་ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་ནན་སི་ཕེ་ལོ་སི་བསྐྱར་དུ་ཨ་རིའ་གྲོས་ཚོགས་ཀྱི་ཚོགས་གཙོར་འདེམས་ཐོན་བྱུང་བར་འཚམས་འདྲི་དང་མ་འོངས་པར་ལས་དོན་མཐའ་དག་འགེགས་མེད་ལྷུན་གྱིས་འགྲུབ་པའི་ཐུགས་སྨོན་མཚམས་སྦྱོར་གྱི་གསུང་འཕྲིན་ཞིག་སྩལ་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེས་ཀྱང་ནན་སི་ཕེ་ལོ་སི་སླར་ཡང་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོར་འོས་འདེམས་བྱུང་བར་བོད་མིའི་སྒྲིག་འཛུགས་དང་བོད་མི་དམངས་ཀྱི་ཚབ་ཞུས་ནས་འཚམས་འདྲིའི་ཕྱག་བྲིས་ཤིག་གནང་འདུག སྲིད་སྐྱོང་གི་ཕྱག་བྲིས་དེར་གང་ཉིད་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོར་ཐེངས་བཞི་འོས་འདེམས་བྱུང་བ་ནི་འོས་ཤིང་འཚམས་པའི་ཐག་གཅོད་ཅིག་ཡིན་པར་མ་ཟད། ཉེ་དུས་ཨ་རིའི་གྲོས་ཚོགས་སུ་བོད་དོན་སྲིད་ཇུས་དང་རྒྱབ་སྐྱོར་གྱི་ཁྲིམས་གཞི་གཏན་འབེབས་འབྱུང་ཐབས་སུ་གང་ཉིད་ཀྱིས་ཐུགས་འགན་གཙོ་བཞེས་གནང་བའི་བཀའ་དྲིན་གསབ་ཐབས་བྲལ་ཞེས་བཀོད།།

བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་ཀརྨ་ཆོས་དབྱིངས་ཀྱིས་སྲིད་སྐྱོང་གིས་ཕུལ་བའི་ཕྱག་བྲིས་དེར་ནན་སི་ཕེ་ལོ་སིས་བོད་དོན་ལ་རྒྱབ་སྐྱོར་ཇི་ལྟར་གནང་ཡོད་མེད། ཁོང་གིས་འཇིགས་ཞུམ་མེད་པར་དཀའ་ངལ་ཁག་ལ་གདོང་ལེན་གྱིས་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་གཙོ་བོར་གྱུར་པའི་འདྲ་མཉམ་དང་མཉམ་རུབ་ཀྱི་རྩ་དོན་བཅས་ལ་དགོངས་པ་ཆེ་བཞེས་གནང་གི་ཡོད་པ་དེས་འཛམ་གླིང་རྒྱལ་ཁབ་ཁག་གི་དབུ་ཁྲིད་གཞན་ཚོར་མིག་དཔེ་བཟང་པོ་ཞིག་བསྟན་པ་རེད་ཅེས་འཁོད་ཡོད་པར་མ་ཟད། རྒྱ་ནག་གིས་བོད་མི་དམངས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་ཚབས་ཆེན་གཏོང་བཞིན་པར་རྟག་ཏུ་དྲང་བདེན་གྱི་ལམ་ནས་གླེང་སློང་གནང་གི་ཡོད་པར་བཀའ་དྲིན་ཆེ་ཞེས་བཀོད་ཡོད་པའི་གནས་ཚུལ་མཁོ་སྤྲོད་བྱས་འདུག

སྲིད་སྐྱོང་བློ་བཟང་སེངྒེས་ཨ་རིའི་གྲོས་ཚོགས་ཀྱིས་བོད་དོན་སྲིད་ཇུས་དང་རྒྱབ་སྐྱོར་གྱི་ཁྲིམས་གཞི་གཏན་འབེབས་ཐུབ་པ་དེས་རྒྱ་གཞུང་གིས་བོད་པའི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་དང་རྒྱལ་སྤྱིའི་ཁྲིམས་ལ་རྩིས་མེད་གཏོང་གི་ཡོད་པར་ངོ་རྒོལ་གྱི་རྣམ་པ་ཤུགས་ཆེན་ཞིག་མཚོན་གྱི་ཡོད། དམངས་གཙོའི་དབུ་ཁྲིད་གཞན་པ་ཚོས་ཀྱང་ནན་སི་ཕེ་ལོ་སིར་མིག་དཔེ་བལྟས་ནས་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་གྱི་ནུས་པ་ཆེ་རུ་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས་ཡོད་པའི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

XS
SM
MD
LG