ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༩/༡༩

བོད་དོན་ཁྲིམས་འཆར་ལ་བཀའ་ཁྲོལ་གནང་བར་ཐུགས་རྗེ་ཆེ་ཞུས་པ།


བོད་རྒྱ་གཉིས་ཀྱི་དཀའ་རྙོག་སེལ་ཐབས་སུ་ཁ་སང་ཕྱི་ཟླ་ ༡༡ ཚེས་ ༢༩ ཉིན་ཨ་རིའི་གྲོས་ཚོགས་ཕྱི་སྲིད་ལས་དོན་ཚོགས་ཆུང་ནས་བོད་དོན་ཁྲིམས་འཆར་ལ་ཉན་ཞིབ་གནང་རྗེས་སྤྱི་མོས་ཀྱིས་བཀའ་ཁྲོལགནང་བར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཐུགས་རྗེ་ཆེ་ཞུས་གནང་འདུག་ལ། ཁྲིམས་འཆར་གྱི་ནང་དོན་དང་གནད་འགག་སོགས་ཀྱི་སྐོར་ལ་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས་ངོ་སྤྲོད་གནང་དོན། ཁོང་གིས་ད་བར་རྒྱ་ནག་གཞུང་གིས་བོད་གནད་དོན་ཐོག་ལ་འཁྱོག་བརྗོད་ཚད་མེད་བྱས་ཡོད་པ་གསལ་འདོན་བྱེད་ཐུབ་ཀྱི་ཡོད་ཅིང་། དམིགས་བསལ་དུ་བོད་ཀྱི་ལོ་རྒྱུས་དང་འབྲེལ་བའི་བདག་དབང་ལ་རྒྱ་ནག་གཞུང་གིས་འགྲེལ་བཤད་ལོག་པར་རྒྱག་བཞིན་པ་བདེན་པ་མ་ཡིན་པ་སྒྲུབ་ཐུབ་པ། དེ་བཞིན་ཨ་རི་གཞུང་གི་ངོས་ནས་བོད་རྒྱ་འབྲེལ་མོལ་དང་འབྲེལ་བའི་ལས་དོན་བྱེད་ཕྱོགས་ལ་སྔར་ལས་ལྷག་པའི་རྒྱབ་སྐྱོར་གྱི་རྣམ་པ་མཚོན་གྱི་ཡོད་པ། མ་འོངས་པར་ཡང་ཨ་རིའི་གྲོས་ཚོགས་དང་སྲིད་འཛིན་གྱི་ངོས་ནས་ཀྱང་དེའི་ཐད་ལ་རྒྱབ་སྐྱོར་གནང་བའི་ཡིད་ཆེས་བརྟན་པ་ཡོད་པ་གསུངས་གནང་སོང་ལ། དེ་བཞིན་འཁྲིམས་འཆར་འདོན་གནང་མཁན་ཨ་རིའི་གྲོས་ཚོགས་འཐུས་མི་ འཇིམ་ མག་གྷ་ཝན་ གྱིས་གཙོས་པའི་གྲོས་ཚོགས་འཐུས་མི་རྣམ་པ་དང་། སྒྲི་འཛུགས་ཀྱི་མི་སྣ། གཞུང་འབྲེལ་མ་ཡིན་པའི་ཚོགས་པ། མི་མང་དང་བཅས་ནས་དེའི་ཐད་ལ་ནུས་པ་མཉམ་དུ་བཏོན་གནང་བའི་འབྲས་བུ་ཡིན་སྟབས་འབྲེལ་ཡོད་ཡོངས་ལ་ཐུགས་རྗེ་ཆེ་ཡང་ཞུས་གནང་སོང་།

གཞན་ཡང་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་ཀྱང་ཁོང་སྐུ་སྒེར་གྱི་ཀྲུའི་ཀྲར་དྲ་ལམ་བརྒྱུད། བོད་མིའི་སྒྲིག་འཛུགས་དང་བོད་མི་སྤྱི་ཡོངས་ཀྱི་ཚབ་ཞུས་ཏེ་ཨ་རིའི་གྲོས་ཚོགས་ཀྱི་སྲིད་དོན་ཚོགས་པ་གཉིས་ཀས་བོད་དོན་ལ་རྒྱབ་སྐྱོར་གནང་བར་འཚམས་འདྲི་དང་སྦྲགས། ཐུགས་རྗེ་ཆེ་ཞུས་གནང་འདུག་ལ། འབྱུང་འགྱུར་ལ་ཡང་བོད་དོན་ཆེད་དོན་དམ་གྱི་རྒྱབ་སྐྱོར་ཆེ་རུ་འགྲོ་བའི་རེ་བ་ཡོད་པ་དང་། དེ་བཞིན་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ལྕམ་ ནན་སི་པེ་ལོ་སི་ མཆོག་གིས་གཙོས་གྲོས་ཚོགས་འཐུས་མིས་འདས་པའི་མི་ལོ་དྲུག་ཅུའི་རིང་བོད་དོན་ལ་རྒྱབ་སྐྱོར་གཡོ་མེད་གནངབ་སོགས་ལ་གཟའ་འཁོར་གོང་མའི་ནང་དུའང་ཐུགས་རྗེ་ཆེ་ཞུ་རྒྱུ་བྱུང་ཡོད་པ་འཁོད་གནང་འདུག་ལ། ད་ལྟའི་དུས་ཚོད་འདིའི་ནང་འཛམ་གླིང་གང་སར་འཐབ་འཁྲུག་དུས་ཟིང་གང་སར་འབྱུང་བཞིན་པའི་སྐབས་འདིར། བོད་ཀྱི་འཐབ་རྩོད་འདི་བཞིན་ཕན་ཚུན་ཞི་བདེ་མཉམ་གནས་དང་གྲོས་མོལ་གྱི་ལམ་ནས་སེལ་ཐབས་བྱེད་པའི་སྲིད་བྱུས་ནི་ཀུན་གྱི་མིག་དཔེར་འོས་པ་ཞིག་ཡིན་པ་དང་། དམིགས་བསལ་འདས་པའི་མི་ལོ་དེ་དག་རིང་གཞིས་ལུས་བོད་མིས་བདེན་པ་འཚེ་བ་མེད་པའི་འཐབ་རྩོད་རྒྱུན་འཁྱོངས་ཀྱིས། བཙན་གནོན་དང་སྟངས་འཛིན་ཇེ་ཆེར་འགྲོ་བཞིན་པའི་གནས་སྐབས་སུའང་གཞིས་ལུས་བོད་མིའི་སྙིང་སྟོབས་ནི་འཛམ་གླིང་མི་མང་ལ་སེམས་འགུལ་ཐེབས་འོས་པ་ཞིག་ཡིན་པ་སོགས་འཁོད་གནང་འདུག

དེ་དང་ཕྱོགས་མཚུངས་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་ནས་ཀྱང་ཨ་རིའི་སྲིད་དོན་ཚོགས་པ་གཉིས་ཀའི་ཐོག་ནས་བོད་དོན་ཁྲིམས་འཆར་ལ་བཀའ་འཁྲོལ་གཏན་འབེབས་བྱུང་བར་བོད་གཞིས་བྱེས་གཉིས་ཀྱི་ཚབ་ཞུས་ནས་བཀའ་དྲིན་རྗེས་དྲན་དང་། དེ་བཞིན་ཁྲིམས་འཆར་དེའི་ཐད་ལ་ཡུན་རིང་པོ་ནས་སྐུ་ལས་བསྐྱོན་དགོས་དུས། དེའི་ཐད་ལ་ནུས་པ་བཏོན་གནང་མཁན་བོད་ཀྱི་གྲོགས་པོ་རྣམ་པ་དང་། སྒྲིག་འཛུགས། ལས་འགུལ་ཁང་། མི་མང་དང་བཅས་སྐུ་ལས་བསྐྱོན་མཁན་ཡོངས་ལ་ཡང་ཐུགས་རྗེ་ཆེ་ཞེས་གསུངས་གནང་སོང་།

གཞན་ཡང་ད་རེས་ཀྱི་ཁྲིམས་འཆར་དེའི་ནང་བོད་ཀྱི་ལོ་རྒྱུས་གནས་བབ་དང་། བོད་རྒྱའི་གནད་དོན་ད་དུང་སེལ་མེད་པ། ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་བམ་མང་གཙོའི་ལམ་ནས་འོས་འདེམས་བྱུང་བའི་བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱི་འགོ་ཁྲིད་ལྷན་དུ་གྲོས་མོལ་གནང་དགོས་པ་སོགས་འཁོད་ཡོད་པ་མ་ཟད། དམིགས་བསལ་ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་ལྟོས་ཏེ་མ་འོངས་པར་ཨ་རིའི་གྲོས་ཚོགས་ཀྱིས་ལག་ལེན་གྱི་ཐོག་ནས་བོད་དོན་ལ་རྒྱབ་སྐྱོར་ཚད་མཐོ་རུ་གཏོང་གནང་རྒྱུ་རེ་བ་ཡོད་པ་དེའི་ཐོག་ནས་བོད་མི་རིགས་ཙམ་དུ་མ་ཟད་དྲག་གནོན་དང་གཅིག་བསྡུད་དབང་འཛིན་འོག་ཏུ་མྱོང་བཞིན་ཡོད་པའི་མི་རིགས་ཡོངས་ཀྱི་རྒྱལ་ཁ་ཞིག་ཏུ་ངོས་འཛིན་གནང་ཆོག་ཡང་ཡིན་པ་སྤྱི་འཐུས་ཚོགས་གཞོན་མཆོག་ནས་གསུངས་གནང་སོང་། །

XS
SM
MD
LG