ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༤/༡༢/༢༣

རྒྱ་ནག་གཞུང་གིས་སླར་ཡང་བྲག་འགོ་དགོན་གྱི་གྲྭ་ཤག་གཏོར་བཤིག


༄༅།། ཉེ་ལམ་རྒྱ་གཞུང་གིས་ཁམས་དཀར་མཛེས་ཁུལ། བྲག་འགོ་དགའ་ལྡན་རབ་བརྟན་རྣམ་རྒྱལ་གླིང་ངམ། ཡོངས་གྲགས་སུ་བྲག་འགོ་དགོན་ཆེན་ཞེས་པའི་སློབ་གྲྭ་དང་སྟོན་པའི་སྐུ་བརྙན། མ་ཎི་འཁོར་ལོ་དང་རྒྱལ་བ་བྱམས་པའི་སྐུ་བརྙན་སོགས་གཏོར་བཤིག་བཏང་བའི་རྗེས་སུ་སླར་ཡང་མེ་སྐྱོན་བྱུང་ན་རླངས་བགྲོ་ལམ་དགོས་ལུགས་ལ་ཁ་གཡར་ནས་དགོན་པའི་ནང་གི་གྲྭ་ཤག་མང་པོ་ཞིག་རྩ་གཏོར་བཏང་དང་གཏོང་བཞིན་ཡོད་ཅིང་། གྲྭ་པ་རྣམས་ས་གནས་གཞན་ལ་སྤོར་དུ་བཅུག་འདུག་ཅེས་བཙན་བྱོལ་སྤྱི་ཚོགས་སུ་གནས་འཁོད་བྲག་འགོ་བ་ཞིག་གིས་འདི་གའི་གསར་འགོད་པར་གནས་ཚུལ་མཁོ་སྤྲོད་བྱས་འདུག

ཁོང་གིས་ད་ལྟའི་དགོན་པ་ཆགས་ཡུལ་ནི་རི་ལྡེབས་ཤིག་ཡིན་པ་དང་རི་དེ་ས་མཁྲེགས་པོ་མེད་སྟབས་སྔོན་ཆད་རི་ཉིལ་བའི་དཀའ་ངལ་ཕྲད་མྱོང་ཡོད་པ་རེད། གལ་སྲིད་ཁང་པ་གཏོར་ནས་ལམ་ཁ་བཟོས་པའི་དབང་དུ་བཏང་ན་ས་མཁྲེགས་པོ་མེད་པའི་རྐྱེན་གྱིས་ས་ལུག་ནས་དགོན་པ་སྤྱི་ལ་རང་བཞིན་གྱི་ཉེན་ཁ་འཕྲད་ངེས་རེད། གྲྭ་ཤག་དེ་རྣམས་གྲྭ་པ་སྒེར་སོ་སོའི་ཁྱིམ་ཚང་གིས་འགྲོ་གྲོན་བཏང་སྟེ་བརྒྱབ་པ་ཞིག་ཡིན་ཞིང་། གྲྭ་ཤག་རྣམས་སྤུས་དག་དང་ཁང་པ་རེ་རེའི་ནང་དུ་གྲྭ་པ་གཉིས་ནས་བཞི་ཡོད་པ་དང་རགས་རྩིས་བྱས་ན་གྲྭ་པ་༧༠་ལྷག་གི་གྲྭ་ཤག་གཏོར་འདུག བྲག་འགོ་དགོན་ཆེན་དུ་ཆོས་ཞུགས་བྱས་པའི་ལོ་ན་༡༨་མན་ཆད་ཀྱི་གྲྭ་པ་རྣམས་དགོན་པ་ནས་བཞུགས་མི་ཆོག་ཅེས་རྒྱ་གཞུང་གིས་ཕྱིར་འབུད་བཏང་ཡོད་པའི་གནས་ཚུལ་ཐོན་འདུག

གསར་འགྱུར་མཁོ་སྤྲོད་པས་མུ་མཐུད་དུ་བརྗོད་དོན་ལྟར་ན། རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་པའི་སྐབས་དེར་བྲག་འགོ་དགོན་པའི་དགེ་འདུན་པ་ཚོས་རྒྱ་དམག་ལ་འཐབ་འཛིང་བྱས་ཏེ་བདུན་ཕྲག་གཉིས་ལ་རྒྱ་དམག་བཀག་པའི་ལོ་རྒྱུས་ཡོད། དེར་བརྟེན་རིག་གནས་གསར་བརྗེ་ཆེན་པོའི་སྐབས་སུ་རྒྱ་གཞུང་གིས་བྲག་འགོ་དགོན་ཆེན་རྦད་དེ་ཤུལ་མེད་རྩ་གཏོར་བཏང་བ་རེད། སྔོན་མའི་དགོན་པ་ཆགས་ཡུལ་ནི་ད་ལྟའི་དགོན་པ་ཆགས་ཡུལ་དེའི་རིའི་ཕར་ཕྱོགས་སུ་ཡོད་པ་རེད། དེང་སྐབས་དགོན་ཤུལ་རྙིང་པ་ས་ཞིང་ལ་བསྒྱུར་ཡོད་པ་དང་བོད་ལ་ཆོས་དད་རང་དབང་གི་སྲིད་ཇུས་ལག་བསྟར་བྱས་པའི་རྗེས་སུ་གཙོ་བོ་མང་ཚོགས་ཀྱིས་ཞལ་འདེབས་ཕུལ་ནས་དགོན་ཤུལ་རྙིང་པའི་ཁ་སྤྲོད་ཀྱི་ཚུར་ཕྱོགས་རི་འདབས་སུ་དགོན་པ་གསར་དུ་བཞེངས། ཕྱིས་སུ་རྒྱ་གཞུང་གིས་བྲག་འགོ་དགོན་ཆེན་ནི་རྒྱལ་ཁབ་ཀྱི་ཐོ་གཞུང་ནག་པོའི་ནང་དུ་བཀོད་ཡོད་པར་མ་ཟད། རྒྱ་གཞུང་གིས་བྲག་འགོ་དགོན་ཆེན་ལ་སྔ་ཕྱི་བར་གསུམ་དུ་སྡང་ཟུག་ཆེན་པོ་བྱེད་བཞིན་ཡོད་པ་རེད་ཅེས་བཀྲལ་འདུག་པའི་སྐོར། རྒྱ་གར་ལྷོ་ཕྱོགས་ནས་འདི་གའི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG