ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༥/༠༡/༡༠

བོད་པ་བཙན་བྱོལ་བའི་གྲས་སུ་ནད་དུག་འགོ་མཁན་ཇེ་ཉུང་།


༄༅།། ཕྱི་ཟླ་དང་པོའི་ཚེས་༢༨་ཉིན་བོད་མིའི་སྒྲིག་འཛུགས་ཏོག་དབྱིབས་ནད་དུག་ཛ་དྲག་ལས་དོན་ཚོགས་ཆུང་གི་བདུན་རེའི་ཏོག་དབྱིབས་ནད་དུག་གསར་འགོད་གསལ་བཤད་སྐབས་སུ་ལས་དོན་ཚོགས་ཆུང་གི་མགྲིན་ཚབ་པ་སྨན་པ་ཚེ་རིང་མཚམས་གཅོད་ཀྱིས་འདས་པའི་བདུན་ཕྲག་དེར་རྒྱ་གར་དུ་བོད་པ་ཏོག་དབྱིབས་ཀྱི་ནད་དུག་འགོས་པའི་མི་༥་ལས་བྱུང་མེད་ཅིང་། ད་ལྟ་རྒྱ་གར་རྒྱལ་ཡོངས་སུ་ནད་ཡམས་ཀྱི་ཛ་དྲག་ཅུང་ཙམ་འཇོམས་འགོ་ཚུགས་ནས་སྤྱི་ཡོངས་ཀྱི་ཆ་ནས་བཟང་ཕྱོགས་ཀྱི་རྣམ་པ་ཞིག་ཐོན་འདུག་ཅེས་བསྒྲགས། ཕྱི་ཟླ་དང་པོའི་ཚེས་༡༦་ནས་རྒྱ་གར་རྒྱལ་ཡོངས་སུ་རྒྱ་གར་དང་དབྱིན་ཇིས་མཉམ་དུ་བཟོས་པའི་འགོག་ཁབ་ཅིག་དང་རྒྱ་གར་རང་གིས་བཟོས་པའི་འགོག་ཁབ་ཅིག་བཅས་འགོག་ཁབ་རིགས་མ་འདྲ་བ་གཉིས་རྒྱག་འགོ་ཚུགས། འགོག་ཁབ་དེ་ཚོར་ཚད་ལྡན་གྱི་བརྟག་དཔྱད་བྱེད་ལོང་མ་བྱུང་བར་མང་ཚོགས་ཀྱི་གྲས་སུ་འགོག་ཁབ་དེ་ཚོར་ཕན་ཐོགས་ལས་གནོད་ཚབས་ཆེ་བ་འབྱུང་སྲིད་པའི་དོགས་པ་ཡོད་པ་སེལ་ཐུབ་ཀྱི་མེད་པ་རེད།།

སྨན་པ་ཚེ་རིང་མཚམས་གཅོད་ཀྱིས་རྒྱ་གར་རྒྱལ་ཡོངས་སུ་འདས་པའི་ཉིན་༡༡་གི་ནང་དུ་སྨན་པ་དང་སྨན་ཞབས་པ་སོགས་མི་༢༣༥༠༠༠༠་ལ་འགོག་ཁབ་བརྒྱབ་ཟིན་པ་རེད། དེའི་གྲས་ཀྱི་མི་༡༦་ལ་ཞོར་གནོད་ཀྱི་དཀའ་ངལ་ཕྲད་ནས་སྨན་ཁང་དུ་ཁྱེར་དགོས་བྱུང་འདུག དེ་ནི་འགོག་ཁབ་ཀྱི་ཞོར་གནོད་ཕོག་པའི་བརྒྱ་ཆ་༠.༠༠༠༧་ཙམ་རེད། འགོག་ཁབ་གང་འདྲ་ཞིག་ཡིན་རུང་ཞོར་གནོད་ཅུང་ཟད་ཅིག་མེད་པ་ནི་འབྱུང་དཀོན་པོ་ཡིན་པ་ལྟར་མང་ཚོགས་ཀྱིས་འགོག་ཁབ་ལ་བློ་འཚབ་བྱེད་དགོས་དོན་མེད། ཡིན་ནའང་འགོག་ཁབ་མ་བརྒྱབ་སྔོན་དུ་རང་གི་ལུས་པོའི་བདེ་ཐང་དང་འགོག་ཁབ་འཕྲོད་ཀྱི་ཡོད་མེད། དུས་རྒྱུན་སྨན་གྱི་རིགས་རྣམས་གཏོང་གི་ཡོད་མེད་བཅས་ལ་གཞིགས་ནས་སྨན་པར་འགོག་ཁབ་བརྒྱབ་ན་ཉེན་ཁ་ཡོད་མེད་ལམ་སྟོན་ཞུ་དགོས། སྤྱིར་འགོག་ཁབ་རྒྱག་དང་མི་རྒྱག་ནི་དོ་བདག་སོ་སོའི་རང་དབང་རེད་ཅེས་བཤད།།

བདེ་ལེགས་སྨན་ཁང་གི་སྨན་པ་བསྟན་འཛིན་རྣམ་གྲོལ་གྱིས་ཀྱང་ནད་རིགས་ཁག་ལ་སྔོན་འགོག་གི་སྨན་ཁབ་ཅི་ཞིག་བརྒྱབ་ཀྱང་མི་ཁག་ཅིག་ལ་ཞོར་གནོད་འབྱུང་བ་དང་མི་འཕྲོད་པ་འབྱུང་རྒྱུ་ནི་ཆོས་ཉིད་རེད། ད་ལྟའི་ཏོག་དབྱིབས་ནད་དུག་གི་སྔོན་འགོག་སྨན་ཁབ་ཀྱིས་ཀྱང་ན་ཚ་བརྒྱ་ཆ་བརྒྱ་འགོག་སྲུང་བྱེད་ཐུབ་པའི་ངེས་པ་མེད། ཚང་མས་འགོག་ཁབ་ཀྱི་དགེ་སྐྱོན་རྣམས་ཤེས་པའི་ཐོག་ནས་ནད་ཡམས་སྔོན་འགོག་གི་ཐབས་ལམ་བསྟེན་དགོས་ཞེས་ནན་བརྗོད་བྱས་སོང་། འཕྲོད་བསྟེན་ལས་ཁུངས་སུ་ཐོ་བཀོད་བྱུང་བར་གཞིགས་ན། ད་ལྟའི་བར་དུ་རྒྱ་གར་དང་བལ་ཡུལ་གཉིས་སུ་བོད་པ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་༡༤༩༥་བྱུང་བ་དང་མི་༡༤༤༠་དྲག་སྐྱེད། མི་༣༨་འདས་གྲོངས་སུ་གྱུར་པ་དང་མི་༡༧་ལ་སྨན་བཅོས་བྱེད་བཞིན་པའི་སྒང་ཡིན་པའི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG