ཕྱི་ཟླ་༢ ཚེས་༢༡ རྒྱལ་སྤྱིའི་ཕ་སྐད་ཉིན་མོ་ནས་བཟུང་། བོད་ནང་དེང་སྐབས་དར་ཁྱབ་ཆེ་བའི་མགྱོགས་འཕྲིན་ཞེས་པའི་དྲ་ལམ་ཐད་གཏོང་དེ་བརྒྱུད་ནས་བོད་ཀྱི་ཕ་སྐད་སྐོར་སོགས་ལ་འགྲན་སྡུར་ཞིག་འཚོགས་ཡོད་པའི་སྐོར་ལ། མིང་དངོས་སུ་བརྗོད་འདོད་མེད་མཁན་ཞིག་གིས་འདི་གའི་རླུང་འཕྲིན་ཁང་ལ་བརྗོད་དོན་ལྟར་ན། དེང་སྐབས་བོད་ཁུལ་དུ་འགྲན་སྡུར་སྣ་མང་ཞིག་བྱེད་ཀྱིན་ཡོད་ཀྱང་། བོད་རང་གི་ཕ་སྐད་ཀྱི་སྐོར་ནས་ད་རེས་ཐེངས་དང་པོ་དེ་བཞིན། གཡུ་ཁོག་བསམ་པའི་དོན་འགྲུབ་ལགས་ཀྱིས་འགྲོ་གྲོན་བཏང་སྟེ། གསེར་རྟའི་གནུབས་ཟུར་ལྷག་བསམ་ལགས་གཙོས་མི་གསུམ་གྱི་མདོ་འཛིན་དང་རྒྱུགས་ཞིབ་པར་བསྡད་དེ། བོད་མདོ་དབུས་ཁམས་གསུམ་གྱི་བོད་པ་གཞོན་སྐྱེས་མང་པོ་ཞིག་ལ་མགྱོགས་འཕྲིན་གྱི་དྲ་ལམ་འཐད་གཏོང་བརྒྱུད་ནས་དྲ་འབྲེལ་བྱས་ཏེ་བོད་རང་གི་ཕ་སྐད་དང་། སྲོལ་རྒྱུན་ཤེས་བྱའི་སྐོར། དེང་རབས་ཐ་སྙད་གསར་པ་བཅས་ཀྱི་སྐོར་ནས་དྲི་བ་དྲིས་ལན་གནང་སྟེ། མཇུག་མཐར་ལེགས་གསོལ་བྱ་དགའ་གནང་སོང་།
རྒྱལ་སྤྱིའི་ཕ་སྐད་ཉིན་མོ་ནས་འགོ་བཙུགས་ཤིང་ཕྱི་ཟླ་གསུམ་པའི་ཚེས་༡༠ ཡི་སྔོན་དག་དག་ལ་མཇུག་བསྡུས་པ་རེད། སྤྱིར་ན་ད་ལོར་འགྲན་བསྡུར་ཐེངས་དང་པོ་དེ་ཡིན་པས་ན། བོད་མདོ་དབུས་ཁམས་གསུམ་ནས་མཉམ་ཞུགས་པ་མི་གྲངས་བརྒྱ་ལ་ཉེ་བ་ཞིག་བྱུང་ཡོད་པ་དང་། དེ་ནས་རིམ་བཞིན་སྐར་གྲངས་མཐོ་དམན་གྱི་འགྲན་བསྡུར་བྱས་པ་བརྒྱུད། མཐར་ཨང་དང་པོ་གཅིག་དང་། ཨང་གཉིས་པ་ཐོབ་མཁན་མི་གཉིས། ཨང་གསུམ་པ་ཐོབ་མཁན་མི་གྲངས་གསུམ་དང་། ད་དུང་ཕུལ་བྱུང་བྱ་དགའ་བཅས་སྤྲད་སོང་།
ཨང་དང་པོ་ཐོབ་མཁན་དེ་སི་ཁྲོན་ཞིང་ཆེན་དཔལ་ཡུལ་རྫོང་སྣ་ཐ་ཡུལ་མཚོ་ནས་བུ་མོ་ཞིག་རེད་འདུག། ཨང་གཉིས་པ་ཐོབ་མཁན་བུ་མོ་གཉིས་རེད། གསུམ་པ་ཐོབ་མཁན་སྐྱེས་པ་གསུམ་རེད་འདུག། མདོར་ན་བོད་ཁུལ་གྱི་ས་ཕྱོགས་འདྲ་མིན་ནས་མཉམ་ཞུགས་བྱས་ཏེ། མཇུག་མཐར་ལེགས་སྐྱེས་ཐོབ་ཡོད་པ་དང་། བྱ་དགའི་ལེགས་སྐྱེས་ནི་བོད་རང་ལ་ཆེས་མཁོ་གལ་ཆེ་བའི་ནང་པའི་མཆོད་ཆས། དཔེར་ན། དངུལ་གྱི་མཆོད་ཀོང་དང་བུམ་པ་སོགས་སྤྲད་སོང་།
དྲ་ལམ་ཐད་གཏོང་ལ་ལྟ་མཁན་མི་གྲངས་སྟོང་ཕྲག་ཁ་ཤས་ཚོགས་ཐེངས་རེར་ལྟ་ཉན་བྱེད་མཁན་བྱུང་ཡོད་པ་དང་། སྔ་ཕྱིར་ཐེངས་གསུམ་ཙམ་ལ་རྒྱུགས་སྤྲོད་རིམ་པར་འཚོགས་སོང་། སྤྱིར་ན་དེང་སྐབས་སྟབས་བདེ་རང་བཞིན་གྱི་དྲ་ལམ་འཐད་གཏོང་ནས་འགྲན་སྡུར་མང་པོ་ཞིག་འཚོགས་དང་འཚོག་བཞིན་པའི་ཁྲོད་ནས། ད་རེབ་ཀྱི་ཕ་སྐད་འགྲན་སྡུར་འདི་ནི་ཆེས་རིན་ཐང་ལྡན་པ་ཞིག་རེད། མིང་མང་པོའི་དགའ་བསུ་ཆེན་པོ་བྱེད་ཀྱིན་འདུག།
མཇུག་མཐར་གོ་སྒྲིག་པའི་ངོས་ནས་བཤད་དོན་ལ། མ་འོངས་པར་ལོ་རེར་ཐེངས་རེ་འཚོགས་ཐུབ་རྒྱུར་འབད་པ་བྱེད་རྒྱུ་ཡིན་པ་དང་། རིམ་བཞིན་མཉམ་ཞུགགས་པ་མི་གྲངས་ཇེ་མང་དུ་འགྲོ་རྒྱུར་རེ་བ་བྱེད་བཞིན་ཡོད་ལ། བོད་རང་གི་ཕ་སྐད་དང་སྲོལ་རྒྱུན་རྒྱུན་ཤེས་། དམིག་གསལ་དེང་རབས་ཀྱི་ཐ་སྙད་གསར་པའི་སྐོར་གྱི་མིང་ཚིག་དག་བོད་ཁུལ་ཐུན་མོང་ནས་བེད་སྤྱོད་ཐུབ་པ་ཞིག་དང་། རང་རིགས་ཕན་ཚུན་བར་གོ་བརྡ་འཕྲོད་པ་ཞིག་བྱུང་ན་ལེགས་པའི་སྐོར་བཤད་སོང་ལ། དེ་ནི་བོད་པ་གཞོན་སྐྱེས་ཚོ་དང་། དམིག་གསལ་ན་ཆུང་བྱིས་པ་ཚོར་མཚོན་ན། ངེས་པར་དུ་ཤེས་དགོས་པ་དང་། ལག་ལེན་དགོས་པའི་གནད་དོན་གལ་ཆེན་ཞིག་ཀྱང་ཡིན་པ་རེད། ཅེས་སོགས་བརྗོད་སོང་། གཞན་ཡང་དེང་སྐབས་བོད་ནང་མགྱོགས་འཕྲིན་དྲ་ལམ་ཐད་གཏོང་བརྒྱུད་སྒྲ་སྙན་རྡུང་ལེན་དང་གླུ་ཤག། གླུ་དབྱངས། སྟེག་སྒང་སྤོ་ལོ་སོགས་འགྲན་སྡུར་སྣ་མང་ཞིག་འཚོག་བཞིན་པ་རེད་འདུག།
གླེང་སྟེགས།