ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༤/༡༢/༢༣

རྒྱ་ནག་གིས་ཀོང་པོ་ནས་ལྷོ་བྲག་ཕྱོགས་སུ་དམག་མི་གཏོང་གི་ཡོད་པ།


༄༅།། ཕྱི་ཟླ་༦་ཚེས་༦་ཉིན་རྒྱ་དཀར་ནག་གཉིས་ཀས་ལ་དྭགས་ཀྱི་ས་མཚམས་རྩོད་གཞི་ཁག་སེལ་ཐབས་སུ་ཞི་བའི་གྲོས་མོལ་ཞིག་བྱས་འདུག དེ་ནས་ཕྱི་ཟླ་༦་པའི་ཚེས་༧་ཏེ། རེས་གཟའ་ཉི་མའི་ཉིན་རྒྱ་ནག་གཞུང་གིས་ཀོང་པོ་ནས་ལྷོ་བྲག་སེངྒེ་དམག་སྒར་ལ་དམག་མི་དང་མཚོན་ཆ་འབོར་ཆེན་ཞིག་སྐྱེལ་འདྲེན་བྱས་ཡོད་པའི་གསར་འགྱུར་དང་འདྲ་པར་རྣམས་དེ་རིང་ཕྱི་ཚེས་༩་ཉིན་འབྲེལ་ཡོད་མི་སྣ་ཞིག་གིས་ཨ་རིའི་རླུང་འཕྲིན་ཁང་ལ་བཏང་འབྱོར་བྱུང་ཡོད་ཅིང་། གསར་འགྱུར་མཁོ་སྤྲོད་པས་ཕྱི་ཟླ་༦་པའི་ཚེས་༧་ཉིན་བོད་ལྗོངས་ཀོང་པོ་སྣང་རྫོང་ནས་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་སྐྱེལ་འདྲེན་བྱེད་པའི་དམག་གི་རླངས་འཁོར་མང་པོ་ཞིག་མཚོན་ཆ་དང་བཅས་ཏེ་ལྷོ་བྲག་སེངྒེ་དམག་སྒར་ལ་ཕྱིན་སོང་། དམག་མིའི་མོ་ཊ་ཧ་ཅང་མང་པོ་འདུག དམག་མི་རྣམས་ཚོགས་ཁག་གཉིས་བྱས་ནས་ཕྱིན་སོང་། ཚོགས་ཁག་སྔོན་མ་དེ་དམག་མི་སྐྱེལ་འདྲེན་གྱི་རླངས་འཁོར་རྐྱང་རྐྱང་ཡིན་པ་དང་ཚོགས་ཁག་གཞུག་མ་དེ མཚོན་ཆ་སྐྱེལ་འདྲེན་གྱི་རླངས་འཁོར་ཤ་སྟག་རེད། དམག་གི་རླངས་འཁོར་དེ་རྣམས་ཀོང་པོ་སྣང་རྫོང་ནས་ཀོང་པོ་ས་ཁོག་བརྒྱུད་དེ་ལྷོ་བྲག་རྫོང་གི་སེངྒེ་དམག་སྒར་ལ་ཕྱིན་པ་རེད། དམག་མི་ཅི་ཙམ་སྐྱེལ་འདྲེན་བྱས་ཡོད་མེད་ཀྱི་གྲངས་ཀ་གསལ་པོ་ཞིག་མ་ཤེས་ཀྱང་དམག་མི་ནི་ཧ་ཅང་མང་པོ་ཞིག་འདུག དམག་མི་དེ་རྣམས་ལྷོ་བྲག་སེངྒེ་་དམག་སྒར་ལ་འབྱོར་རྗེས་འཕྲལ་དུ་དམག་སྦྱོང་ལ་ཞུགས་དགོས་ཀྱི་ཡོད་ས་རེད་ཅེས་འགྲེལ་བརྗོད་གནང་སོང་།།

འདི་དང་དུས་མཚུངས་སུ་འབྲེལ་ཡོད་འདྲ་པར་ཁག་ལ་གསལ་བ་ལྟར་ན། དམག་མི་བརྒྱ་ཕྲག་བརྒལ་བ་ཞིག་བསྟར་བསྒྲིགས་བྱས་ནས་བསྡད་ཡོད་པ་དང་དམག་གི་རླངས་འཁོར་མང་པོ་ཞིག་རི་ལམ་ཁུག་ཀྱོག་ནས་རུ་སྒྲིག་སྟེ་བསྐྱོད་བཞིན་ཡོད་པ། རླངས་འཁོར་ནང་དུ་རྒྱ་ནག་གིས་འགྲེམ་སྟོན་བྱེད་ཀྱི་ཡོད་པའི་མེ་ཤུགས་འཕུར་མདེལ་འཁྱེར་ཡོད་པ། དེ་བཞིན་སེངྒེ་དམག་སྒར་དུ་དམག་མིས་དམག་སྦྱོང་བྱེད་བཞིན་པ་དང་ས་ཁྲ་བསྟན་ནས་མཛུབ་ཁྲིད་བྱེད་བཞིན་པ་བཅས་མཐོང་རྒྱུ་འདུག

ཕྱི་ཟླ་༥་ཕྱི་ཚེས་༨་ནས་རྒྱ་ནག་གཞུང་གིས་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར། ལྷོ་བྲག་རྫོང་གི་སྒྲོ་བ་གྲོང་རྡལ་ནས་སྤྱི་ལེ་༣༠་ཙམ་གྱི་མཚམས་སུ་ཆགས་པའི་སེང་ཆུའི་འགྲམ་དུ་དམག་སྒར་ཨང་༣༢་པ་ཟེར་བ་ཞིག་གསར་དུ་འཛུགས་སྐྲུན་གྱི་ལས་གྲྭ་འགོ་བཙུགས་ཡོད་པར་མ་ཟད། ཕྱི་ལོ་༢༠༢༢་ལོར་ས་ཁུལ་དེར་དམག་སྒར་ཤིན་ཏུ་ཆེན་པོ་ཞིག་ཚུགས་འཆར་ཡོད་པའི་གནས་ཚུལ་ཐོན། སྤྱིར་ལྷོ་བྲག་རྫོང་ནི་ལྷོ་ཁ་གྲོང་ཁྱེར་གྱི་ཆེས་མཐའ་ཁུལ་དུ་ཆགས་པའི་ས་མཚམས་ཀྱི་རྫོང་ཞིག་ཡིན་ཞིང་། ལྷོ་བྲག་རྫོང་ཁོངས་སུ་རྒྱ་ནག་གི་དམག་སྒར་མང་པོ་ཡོད་པ་དེ་དག་གི་གྲས་ཀྱི་སེངྒེ་དམག་སྒར་ནི་དམག་སྒར་ཆེ་ཤོས་ཤིག་ཡིན་པས་ས་མཚམས་ཁག་ལ་དམག་མི་མང་ཆེ་བ་དམག་སྒར་དེ་ནས་གཏོང་གི་ཡོད་པའི་གནས་ཚུལ་ཐོན་ཡོད་པའི་སྐོར། རྒྱ་གར་ལྷོ་ཕྱོགས་ནས་འདི་གའི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG