ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༠༩/༠༨

ཨ་རིར་རྒྱ་མི་སྤོས་དམངས་བསླེབས་ན་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་ཆེ།


རྒྱ་ནག་ནས་ཨ་མི་རི་ཀར་སྤོས་དམངས་ཡོང་རྒྱུ་ལྡབ་བཅུ་ལྷག་མང་དུ་ཕྱིན་ཡོད་པའི་གནས་ཚུལ་ཐོན་འདུག
རྒྱ་ནག་ནས་ཨ་མི་རི་ཀར་སྤོས་དམངས་ཡོང་རྒྱུ་ལྡབ་བཅུ་ལྷག་མང་དུ་ཕྱིན་ཡོད་པའི་གནས་ཚུལ་ཐོན་འདུག

༄༅།། རྒྱ་ནག་གི་དཔལ་འབྱོར་ཉམས་རྒུད་དང་ཆབ་སྲིད་ཀྱི་གཉའ་གནོན། ནད་ཡམས་རྗེས་སུ་འགྲིམ་འགྲུལ་ལྷུག་ཡངས་བཏང་སྟེ་ཨ་མི་རི་ཀར་རྒྱ་ནག་གི་སྤོས་དམངས་སྟོང་ཕྲག་མང་པོ་ཡོང་གི་ཡོད་ཅིང་། རྒྱ་ནག་གི་སྤོས་དམངས་དེ་རྣམས་ཨ་རིའི་བདེ་འཇགས་ལ་ཉེན་ཁ་ཞིག་ཏུ་འགྱུར་སྲིད། ཕྱི་ཟླ་༣་པའི་ཚེས་༡༢་ཉིན་ཨེ་ཤི་ཡའི་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་གི་མི་དམངས་དཀྱུས་མ་ཚོར་ཨ་རིའི་ཐོངས་མཆན་མི་ཐོབ་པ་དང་ཡུལ་སྐོར་སྤྲོ་འཆམ་དུ་བསྐྱོད་ན་ཨ་རིའི་གཞུང་ཚབ་ཁང་ངམ། ཡང་ན་ཨ་རིའི་དོན་གཅོད་ཁག་གིས་སྐད་ཆ་དྲིས་ནས་མི་དེ་རྒྱ་ནག་ལ་ཕྱིར་ལོག་བྱ་རྒྱུ་མིན་པའི་དོགས་པ་བྱས་ནས་ཐོངས་མཆན་སྤྲོད་དཀའ། ཉེ་དུས་ཤིག་ནས་རྒྱ་མི་སྟོང་ཕྲག་མང་པོ་ཨ་རིའི་ལྷོ་ཕྱོགས་ཀྱི་མེག་སི་ཀོའི་ས་མཚམས་ནས་ཁྲིམས་འགལ་ཐོག་ཏུ་ཨ་མི་རི་ཀར་བསླེབས། རྒྱ་ནག་ནས་ཨ་མི་རི་ཀར་སྤོས་དམངས་ཡོང་རྒྱུ་ལྡབ་བཅུ་ལྷག་མང་དུ་ཕྱིན་ཡོད་པའི་གནས་ཚུལ་ཐོན་འདུག

རྒྱ་ནག་པ་ཚོ་ཨ་མི་རི་ཀར་ཁྲིམས་མཐུན་དུ་ཡོང་བའི་ཐབས་ལམ་མེད་པས་ཊིག་ཊོག་སོགས་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་སྤོས་དམངས་ལ་ལམ་ཁྲིད་བྱས་ནས་ནག་ཚོང་རྒྱག་མཁན་སུ་སུ་ཡོད་མེད། མེག་སི་ཀོའི་ས་མཚམས་གང་ནས་ཨ་མི་རི་ཀར་འཛུལ་དགོས་མིན། ཡིག་ཆ་ཅི་ཞིག་སྟོན་དགོས་མིན་དང་འགྲིམ་འགྲུལ་གྱི་འགྲོ་གྲོན་ཅི་ཙམ་དགོས་མིན། ཨ་རིའི་ངོ་དེབ་དང་ཡུ་ཊུབ། ཨེག་སི་དྲྭ་ཚིགས་རྣམས་ཇི་ལྟར་ཕབ་ལེན་བྱ་དགོས་མིན་སོགས་ཀྱི་གནས་ཚུལ་ཞིབ་ཕྲ་དྲྭ་ལམ་དུ་བཀོད། ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ཨི་ཁུའི་དྷོས་རྒྱ་ནག་གི་སྤྱི་དམངས་རྣམས་ཐོངས་མཆན་མེད་པར་ཡོང་ཆོག་པའི་འཁྲོལ་ཆ་སྤྲད་ཡོད་པས་རྒྱ་མི་སྟོང་ཕྲག་མང་པོ་ཨི་ཁུའེ་དྷོར་མཁའ་ལམ་བརྒྱུད་ནས་བསྐྱོད། དེ་ནས་ཝེ་ནེ་ཛུ་ལ་དང་ཀོ་ལིམ་བྷི་ཡ་སོགས་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ཁག་གི་སྤོས་དམངས་གྲས་སུ་ཞུགས་ནས་མེག་སི་ཀོ་དང་ཨ་རིའི་ས་མཚམས་སུ་ལྷགས། ཨ་རིའི་ས་མཚམས་སྐོར་གཡེང་བ་ཚོས་རྒྱ་ནག་གི་སྤོས་དམངས་རྣམས་ས་མཚམས་སུ་མ་བཀག་པར་ཡོང་དུ་འཇུག་གི་ཡོད་པའི་གནས་ཚུལ་ཐོན་འདུག

རྒྱ་ནག་གི་སྤོས་དམངས་ཨ་རིས་སྐྱབས་བཅོལ་
རྒྱ་ནག་གི་སྤོས་དམངས་ཨ་རིས་སྐྱབས་བཅོལ་

རྒྱ་ནག་གི་སྤོས་དམངས་བརྒྱ་ཆ་༥༥་ལ་ཨ་རིས་སྐྱབས་བཅོལ་བའི་ཐོབ་ཐང་སྤྲོད་ཀྱི་ཡོད་ཀྱང་ཝེ་ནེ་ཛུ་ལའི་སྤོས་དམངས་བརྒྱ་ཆ་༢༩་དང་ཀོ་ལིམ་བྷི་ཡའི་སྤོས་དམངས་བརྒྱ་ཆ་༡༩་ལ་མ་གཏོགས་སྐྱབས་བཅོལ་བའི་ཐོབ་ཐང་སྤྲོད་ཀྱི་མེད་པའི་གནས་ཚུལ་ཐོན། ཨ་མི་རི་ཀར་རྒྱ་ནག་ནས་སྐྱབས་བཅོལ་བ་ཡོང་རྒྱུ་ནི་གནས་ཚུལ་གསར་པ་ཅི་ཡང་མིན། དེང་སྐབས་ཨ་མི་རི་ཀར་ལྷོ་ཕྱོགས་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ཁག་ནས་སྤོས་དམངས་ཡོང་རྒྱུ་ཇེ་མང་དུ་སོང་། སྤོས་དམངས་དེ་དག་གི་གྲས་སུ་རྒྱ་ནག་གི་སྤོས་དམངས་ཡོང་གི་ཡོད་པས་གནད་དོན་དེ་ཨ་རི་དང་རྒྱ་ནག་གི་ཆབ་སྲིད་ཀྱི་གནད་དོན་ཞིག་ཏུ་གྱུར། ༢༠༢༤་ལོའི་ཨ་རིའི་འོས་བསྡུའི་སྐབས་སུ་རྒྱ་ནག་གི་སྤོས་དམངས་འགོག་དགོས་མིན་རྩ་དོན་ཞིག་ཏུ་འགྱུར་རྒྱུ་ཡིན་པ་སྟེ། སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་ཌོ་ནལ་ཊམ་གྱིས་ཨ་མི་རི་ཀར་རྒྱ་ནག་སོགས་ཀྱི་སྤོས་དམངས་ཚོས་བཙན་འཛུལ་བྱེད་ཀྱི་འདུག ཁོ་པ་བསྐྱར་དུ་སྲིད་འཛིན་ལ་འདེམས་ཐོན་བྱུང་ན་ཕྱི་རྒྱལ་ནས་སྤོས་དམངས་ཡོང་རྒྱུ་འགོག་ངེས་ཡིན་ཞེས་བསྒྲགས།།

ཕྱི་ཟླ་༣་པའི་ཚེས་༩་ཉིན་མོར་ཉིན་རེའི་སྦྲག་འཕྲིན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་ནས་སྐྱེས་པ་དར་མ་དམག་ཁྲལ་རྒྱག་དགོས་པ་སྟོང་ཕྲག་མང་པོ་ཨ་མི་རི་ཀར་ཡོང་གི་འདུག ཨ་མི་རི་ཀར་རྒྱ་མི་སྤོས་དམངས་དར་མའི་གྲངས་འབོར་ཅི་ཙམ་མང་དུ་ཕྱིན་ན་ཨ་རིའི་བདེ་འཇགས་ལ་དེ་ཙམ་གྱིས་ཉེན་ཁ་ཆེ། རྒྱ་ནག་གཞུང་གིས་བསམ་བཞིན་སྤོས་དམངས་དེ་དག་གི་གྲས་སུ་གསང་ཉུལ་གཏོང་གི་ཡོད་པར་སོམ་ཉི་བྲལ། རྒྱ་ནག་གིས་ཨ་རིའི་མཁའ་དབྱིངས་སུ་ལྒང་བུ་བཏང་ནས་དམག་དོན་ལྟེ་གནས་ཁག་ལ་སོ་མྱུལ་བྱས་པ་དང་ཨ་རིའི་དམག་སྒར་ཁག་གི་འཁྲིས་སུ་ས་ཆ་ཉོས། ཨ་རིའི་ས་གནས་ཁག་ཏུ་རྒྱ་ནག་གི་གསང་བའི་ཉེན་རྟོག་ལས་ཁུངས་བཙུགས། རྒྱ་ནག་གིས་བསམ་བཞིན་ཨ་མི་རི་ཀར་དུག་རྫས་བཟི་སྨན་འཚོང་གི་ཡོད་པ་རེད་ཅེས་བསྟན། བྷ་རེ་ཊི་ཝེན་སི་ཊེན་ཞེས་པའི་རྩོམ་པ་པོ་དང་དྲྭ་ལམ་གསར་འགོད་པ་ཞིག་གིས་རྒྱ་ནག་གི་སྤོས་དམངས་དེ་རྣམས་གཞུང་གིས་བཏང་བའི་དམག་མི་ཡིན་སྲིད་ཅེས་དོགས་པ་བསླངས།།

ཨ་རིའི་རྒྱལ་ཡོངས་ས་མཚམས་སྐོར་གཡེང་ལྷན་ཚོགས་ཀྱི་གཙོ་འཛིན་བྷ་རན་ཌན་ཇུ་ཌིས་
ཨ་རིའི་རྒྱལ་ཡོངས་ས་མཚམས་སྐོར་གཡེང་ལྷན་ཚོགས་ཀྱི་གཙོ་འཛིན་བྷ་རན་ཌན་ཇུ་ཌིས་

ཨ་རིའི་རྒྱལ་ཡོངས་ས་མཚམས་སྐོར་གཡེང་ལྷན་ཚོགས་ཀྱི་གཙོ་འཛིན་བྷ་རན་ཌན་ཇུ་ཌིས་རྒྱ་ནག་གི་སྤོས་དམངས་མང་ཆེ་བ་ཕ་ཧྲེང་དམག་ལ་ཞུགས་ཆོག་པའི་ལོ་ཚད་ལོན་པ་ཤ་སྟག་རེད། རྒྱ་ནག་གིས་ཨ་མི་རི་ཀ་དགྲ་རུ་འཛིན་གྱི་ཡོད་པ་དང་ང་ཚོ་རྒྱ་ནག་གི་དམིགས་འབེན་དུ་བཟུང་ཡོད་པ་ང་ཚོས་ཤེས་དགོས། རྒྱ་ནག་གི་སྤོས་དམངས་དེ་ཚོས་ཨ་མི་རི་ཀར་འཚོ་བ་དང་ལས་ཀའི་གོ་སྐབས་ཡག་པོ་ཞིག་གི་ཆེད་དུ་ཡོང་ཡིན་ཟེར། རྒྱ་ནག་པ་ཁག་ཅིག་དམར་ཤོག་སྲིད་གཞུང་གི་མངགས་པ་ཡིན་སྲིད། ང་ཚོས་རྒྱ་ནག་གི་སྤོས་དམངས་དེ་ཚོར་དོགས་ཟོན་དང་བློ་འཚབ་བྱ་དགོས་ཞེས་སྨྲས། ༢༠༢༣་ལོར་རྒྱ་ནག་གི་སྤོས་དམངས་༣༧༠༠༠་ཨ་རིའི་ལྷོ་ཕྱོགས་ནས་ཁྲིམས་འགལ་ཐོག་ཏུ་འབྱོར། རྒྱ་ནག་པ་ཁག་ཅིག་ཨེ་ཤི་ཡ་དང་ཨ་ཧྥི་རི་ཀའི་རྒྱལ་ཁབ་ཁག་བརྒྱུད་ནས་ཨ་མི་རི་ཀར་ཡོང་གི་ཡོད་ཀྱང་རྒྱ་ནག་གི་སྤོས་དམངས་མང་ཆེ་བ་ཐད་ཀར་ཨེ་ཁུའེ་དྷོ་བརྒྱུད་ནས་ཨ་མི་རི་ཀར་ཡོང་གི་ཡོད་པའི་གནས་ཚུལ་ཐོན་འདུག

ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་གྱི་རྒྱལ་ཡོངས་བདེ་འཇགས་ཞིབ་འཇུག་ཁང་གི་ཉམས་ཞིབ་པ་རེ་བྷེ་ཀ་གྷ་རན་ཊིས་ཉིན་རེའི་སྦྲག་འཕྲིན་གསར་ཁང་གི་གསར་འགོད་པར་རྒྱ་ནག་གི་སྤོས་དམངས་ཡོང་གི་ཡོད་པའི་གྲངས་འབོར་ཧ་ལས་པའི་མང་པོ་ཡིན་པར་མ་ཟད། ཁོ་ཚོ་ཕོ་གསར་ཡིན་པ་དང་རང་ཡུལ་ནས་ལམ་ཐག་རིང་པོར་འགྲིམས་ནས་སྡུག་རུས་ཐེག་པ་དེ་ཡ་མཚན་ཞིག་རེད། རྒྱ་ནག་གཞུང་གིས་སྐྱབས་བཅོལ་བ་དེ་དག་གི་གྲས་སུ་གསང་ཉུལ་གཏོང་གི་ཡོད་པའི་རྩིས་རྒྱག་དགོས། རྒྱ་ནག་གི་གསང་བའི་ལས་ཁུངས་ཀྱི་འགོ་ཁྲིད་ཚོས་སྤོས་དམངས་གྲས་སུ་གསང་ཉུལ་མི་གཏོང་བ་ག་ལ་སྲིད། རྒྱ་ནག་གི་སྤོས་དམངས་བརྒྱ་ཆ་༩༥་ལ་སེམས་ཁྲལ་བྱ་མི་དགོས་ཀྱང་བརྒྱ་ཆ་༥་ལ་དོགས་ཟོན་བྱ་དགོས་ཀྱང་གྲངས་འབོར་མང་པོ་རེད། ཞིས་ཅིན་ཕིང་གིས་ཨ་མི་རི་ཀར་གསང་ཉུལ་བཏང་སྟེ་ཁ་གཏད་བཅག རྒྱ་ནག་ལ་གསང་ཉུལ་གཏོང་བའི་གོ་སྐབས་ཡོད་ན་ཅིའི་ཕྱིར་གཏོང་གི་མ་རེད་ཅེས་དྲིས།།

སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱི་དུས་སུ་ཨ་མི་རི་ཀར་སྤོས་དམངས་ལེན་རྒྱུ་དམ་དུ་བཏང་རུང་སྲིད་འཛིན་བྷ་ཌན་གྱི་གཞུང་གིས་སྤོས་དམངས་སྲིད་ཇུས་ལྷུག་ཡངས་བཏང་སྟེ་ཨ་རིའི་ས་མཚམས་སུ་ཉིན་ལྟར་སྐྱབས་བཅོལ་བ་འབྱོར་བའི་གྲངས་འབོར་འཕར། སྔ་ལོའི་ཕྱི་ཟླ་༡༠་པ་ནས་ད་ལྟའི་བར་དུ་ཨ་མི་རི་ཀའི་ས་མཚམས་སྐོར་གཡེང་བ་ཚོས་རྒྱ་ནག་གི་ཁྲིམས་འགལ་སྤོས་དམངས་༢༡༠༠༠་འཛིན་བཟུང་བྱས་མོད། འོན་ཀྱང་ཨ་མི་རི་ཀས་རྒྱ་མི་དེ་རྣམས་རང་ཡུལ་དུ་ཕྱིར་སློག་མ་བྱས་པར་ཕྱི་མི་གཞིས་ཆགས་ལས་ཁུངས་ཀྱི་བཀའ་འགུགས་ལ་སྒུག་དགོས་ཞེས་ཨ་རིའི་ས་ཐོག་ཏུ་བཞག རྒྱ་ནག་གི་སྤོས་དམངས་ཚོས་རང་ཡུལ་དུ་དཔལ་འབྱོར་ཉམས་རྒུད་དང་ལས་ཀའི་གོ་སྐབས་མེད་པ། འཚོ་བའི་དཀའ་ངལ་ཕྲད་པ་དང་ཆབ་སྲིད་ཀྱི་གཉའ་གནོན་མྱོང་། ཆོས་དད་རང་དབང་མེད་པར་ཨ་མི་རི་ཀར་བཙན་བྱོལ་དུ་ཡོང་བ་ཡིན་ཞེས་རྒྱུ་མཚན་བགྲངས།།

ོས་ཚོགས་འོག་མའི་རྒྱལ་ནང་སྲུང་སྐྱོབ་ལྷན་ཁང་ཚོགས་ཆུང་གི་ཚོགས་གཙོ་མར་ཁེ་གྷ་རཱིན་
ོས་ཚོགས་འོག་མའི་རྒྱལ་ནང་སྲུང་སྐྱོབ་ལྷན་ཁང་ཚོགས་ཆུང་གི་ཚོགས་གཙོ་མར་ཁེ་གྷ་རཱིན་

ཨ་རིའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འོག་མའི་འཐུས་མི་སྟེ། གྲོས་ཚོགས་འོག་མའི་རྒྱལ་ནང་སྲུང་སྐྱོབ་ལྷན་ཁང་ཚོགས་ཆུང་གི་ཚོགས་གཙོ་མར་ཁེ་གྷ་རཱིན་གྱིས་ངས་རྒྱ་ནག་གིས་ཨ་མི་རི་ཀར་བཙན་འཛུལ་བྱ་རྒྱུ་རེད་ཟེར་གྱི་མེད། ང་ཚོས་ཐེ་ཝན་ལ་སྲུང་སྐྱོབ་བྱ་དགོས་ན་སྤོས་དམངས་དེ་རྣམས་རྒྱ་ནག་གི་འཆར་གཞི་ལྟར་བཏང་བ་ཡིན་པའི་བསམ་བློ་གཏོང་དགོས། དེ་རྒྱ་ནག་གི་འཆར་གཞི་མིན་པའི་བསམ་བློ་བཏང་ན་གླེན་པ་རེད་ཅེས་བཀྲལ། ན་ནིང་ཕྱི་ཟླ་༩་པའི་ནང་གྲོས་ཚོགས་གོང་མའི་སྤྱི་མཐུན་ཚོགས་པའི་འཐུས་མི་ཚོས་ཀྱང་རྒྱ་ནག་གི་སྤོས་དམངས་ཁག་ཅིག་རྒྱ་ནག་དམར་ཤོག་ཚོགས་པ་དང་མི་དམངས་བཅིངས་འགྲོལ་དམག་ལ་འབྲེལ་བ་ཡོད་ཀྱང་རྒྱ་མི་དེ་རྣམས་ཡུན་རིང་བཀག་ཉར་བྱས་མི་འདུག ཁོ་ཚོ་ཨ་མི་རི་ཀའི་བདེ་འཇགས་ལ་ཉེན་ཁ་ཞིག་རེད་ཅེས་གླེང་སློང་བྱས་པའི་གནས་ཚུལ་ཐོན། སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མིར་འགྲན་ཞུགས་བྱས་པ་ཚང་མས་རྒྱ་ནག་གི་སྤོས་དམངས་ཚོར་དོགས་ཟོན་བྱ་དགོས་ཞེས་ནན་སྐུལ་བྱས་པའི་གནས་ཚུལ་ཐོན་འདུག

གླེང་སྟེགས།

XS
SM
MD
LG