ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༤/༡༢/༢༣

གཙང་གི་ཞིང་པ་ཚོར་ར་ལུག་ཉར་འཛིན་བྱེད་མི་ཆོག་པ་བཟོས་འདུག


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། རྒྱ་ནག་གཞུང་གིས་བོད་ལྗོངས་གཞིས་ཀ་རྩེ་ཁུལ་གྱི་ཁྱབ་ཁོངས་སུ་རྫོང་ཁག་༡༨་ཡོད་པ་དེ་དག་གི་ཞིང་པ་ཚོས་ར་ལུག་ཉར་འཛིན་བྱེད་ན་ཁོར་ཡུག་ལ་གནོད་སྐྱོན་དང་ས་ཆ་འཕྲོ་བརླག་ཏུ་གཏོང་གི་འདུག་ཅེས་བསྒྲགས་ནས་ཞིང་པ་ཚོས་ར་ལུག་ཉར་འཛིན་བྱེད་མི་ཆོག་པའི་བཙན་བཀའ་བཏང་ཡོད་ཅིང་། ལྷག་པར་དུ་སྟོད་དིང་རི་རྫོང་དུ་ལས་འགུལ་དེ་ཤུགས་ཆེན་པོ་སྤེལ་བཞིན་པའི་སྒང་ཡིན་འདུག

མིང་འདོན་བྱེད་འདོད་མེད་པའི་འབྲེལ་ཡོད་བོད་པ་ཞིག་གིས་འདི་གའི་གསར་འགོད་པར་ར་ལུག་ནི་གཙང་ཁུལ་གྱི་ཞིང་པ་ཚོར་མཚོན་ན་མེད་ཐབས་མེད་པའི་འཚོ་བའི་གྲུབ་ཆ་གལ་ཆེ་ཤོས་ཤིག་ཡིན་པར་མ་ཟད། སྟོད་དིང་རི་ཁུལ་དུ་ར་ལུག་ཉར་འཛིན་མི་བྱེད་པའི་ཁྱིམ་ཚང་གཅིག་ཀྱང་མེད། རའི་རྩིད་པས་གྱོན་ཆས་དང་སྣོད་ཆས་སོགས་སྣ་ཚོགས་བཟོ་བ་དང་ར་ལུག་གི་རིལ་མ་ནི་འབུད་ཤིང་དང་ཞིང་ལུད་ལ་མེད་ཐབས་མེད་པ་ཞིག་རེད། དིང་རིའི་ཕྱོགས་སུ་གྲོང་སྡེ་རེར་ཁྱིམ་ཚང་༥༠་ནས་༧༠་ཙམ་ཡོད་ཅིང་། ཁྱིམ་ཚང་ཀུན་པོས་ལུག་ལས་ཀྱང་ར་མང་བ་ཉར་འཛིན་བྱེད་སྲོལ་ཡོད་། དུད་ཁྱིམ་རེར་ཉུང་ན་ར་༡༥་ཡས་མས་དང་མང་ཤོས་ར་༢༠༠༠་ཡས་མས་རེ་ཡོད་པ་རེད་ཅེས་འགྲེལ་བརྗོད་བྱས་བྱུང་།།

རྒྱ་ནག་གཞུང་གིས་གཙང་ཕྱོགས་ཀྱི་ས་ཁུལ་སྤྱི་དང་བྱེ་བྲག་ཏུ་སྟོད་དིང་རི་ཕྱོགས་ཀྱི་ཞིང་པ་ཚོའི་འཚོ་རྟེན་ལ་དགོས་ངེས་སུ་གྱུར་པའི་ར་ལུག་རྣམས་ཉར་འཛིན་བྱེད་མི་ཆོག་པར་བཏང་བའི་རྗེས་སུ་གྱོང་གུན་ཁ་གསབ་ཀྱང་སྤྲད་མེད་པས་ཞིང་པ་ཚོའི་འཚོ་རྟེན་གཙོ་བོ་ཞིག་མེད་པར་གྱུར་འདུག དེར་བརྟེན་དེང་སྐབས་ན་གཞན་རྣམས་གཞིས་རྩེ་དང་ལྷ་ས་ཕྱོགས་སུ་ཨར་ལས་དང་ལམ་བཟོ་སོགས་རྒྱུག་སྟེ་ཁྱིམ་ཚང་གི་ཡོང་སྒོ་འཚལ་ཐབས་བྱ་དགོས་ཐུག་འདུག ར་ལུག་རྩ་མེད་བཟོ་བའི་ལས་འགུལ་ནི་ཐོག་མར་༢༠༡༥་ཙམ་ནས་འཆར་འགོད་བྱས་ཤིང་། ད་ལྟ་དངོས་སུ་ལག་བསྟར་མཇུག་སྐྱོང་བྱེད་བཞིན་པ་རེད་ཅེས་འགྲེལ་བཤད་བྱས་སོང་།།

ར་ལུག་ཉར་འཛིན་བྱེད་པ་ནི་བོད་ཀྱི་ཞིང་པ་ཚོའི་ཐུན་མོང་མ་ཡིན་པའི་འཚོ་བའི་གྲུབ་ཆ་ཞིག་དང་གཙང་ཁུལ་དུ་མི་རབས་ནས་མི་རབས་བར་དུ་དར་པའི་སྲོལ་རྒྱུན་གྱི་འཚོ་རྟེན་གལ་ཆེ་ཞིག་ཡིན་པར་མ་ཟད། བོད་པ་ཚོ་འདོད་མོས་མེད་བཞིན་དུ་ར་ལུག་ཉར་འཛིན་བྱེད་མི་ཆོག་པར་བཟོས་རྗེས་གྲོང་ཚོ་རྣམས་ཀྱང་སྟོང་སང་ངེར་གྱུར། མི་རྒན་པ་རྣམས་ཀྱིས་བློ་ཕམ་ཆེན་པོ་བྱེད་བཞིན་ཡོད་ཀྱང་རྒྱ་ནག་གཞུང་གིས་ར་ལུག་གིས་ཁོར་ཡུག་ལ་གནོད་སྐྱོན་གཏོང་གི་འདུག་ཟེར་པ་ནི་ཁུངས་ལུང་གང་ཡང་མེད་པའི་སྐད་ཆ་ཞིག་རེད། དེ་ནི་ཁོ་ཚོས་ཁ་གཡར་ས་ཙམ་ཡིན་པ་ལས་དོན་དངོས་ལ་ཞིང་པའི་ས་ཆ་དེ་རྣམས་བཙན་འཕྲོག་བྱས་ཏེ་རྒྱ་གཞུང་གི་འཆར་གཞི་དང་འདོད་པ་བཞིན་བེད་སྤྱོད་གཏོང་ས་ཞིག་ལ་སྒྱུར་གྱི་ཡོད་པ་རེད་ཅེས་འགྲེལ་བརྗོད་བྱས་ཡོད་པའི་སྐོར། འདི་གའི་གསར་འགོད་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་རྒྱ་གར་ལྷོ་ཕྱོགས་ནས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

XS
SM
MD
LG