ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༤/༡༡/༢༥

རྒྱ་ནག་གིས་མལ་ཌིབ་སི་རྒྱལ་ཁབ་ལ་བོད་ཀྱི་གངས་ཆུ་ལག་རྟགས་སུ་སྤྲད།


༄༅།། རྒྱ་ནག་གིས་རྒྱ་གར་རྒྱ་མཚོའི་ནང་དུ་ཆགས་པའི་མལ་ཌིབ་སི་མཚོ་གླིང་རྒྱལ་ཁབ་ལ་བོད་ཀྱི་གངས་ཆུ་ཊོན་༡༥༠༠་འམ། གངས་ཆུ་འགྱིག་དམ་ས་ཡ་གཅིག་ལྷག་སྤྲད། གཟའ་ཕུར་བུའི་ཉིན་མལ་ཌིབ་སིའི་གཞུང་འབྲེལ་མི་སྣ་ཚོས་འཛམ་གླིང་གི་ཡང་རྩེ་གནས་པའི་བོད་གངས་ཅན་ལྗོངས་ནས་གངས་ཆུ་ལག་རྟགས་སུ་འབྱོར་བྱུང་ཞེས་གསལ་བསྒྲགས་སྤེལ། ཕྱི་ཟླ་༣་པའི་ཚེས་༢༧་ཉིན་ཧྥ་རན་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། མལ་ཌིབ་སི་ཞེས་པའི་ཡུལ་ལུང་དེ་ནི་བྱུ་རུའི་གླིང་ཕྲན་༡༡༩༢་གྱིས་གྲུབ་པའི་རྒྱལ་ཁབ་ཅིག་ཡིན་ཞིང་། འཛམ་གླིང་གི་སའི་གོ་ལའི་ཚ་དྲོས་རྒྱས་ཏེ་རྒྱ་མཚོའི་ཚྭ་ཆུ་ས་ཐོག་ཏུ་ལུག་ནས་མིའི་འཐུང་ཆུ་རྣམས་ཚྭ་ཆུར་གྱུར། རིམ་བཞིན་རྒྱ་མཚོ་རྒྱས་ནས་མལ་ཌིབ་སི་རྒྱལ་ཁབ་ཧྲིལ་པོ་མཚོ་ནང་དུ་ཐིམ་རྒྱུའི་ཉེན་ཁ་ཆེ་རུ་ཕྱིན་ཡོད་པའི་གནས་ཚུལ་ཐོན་འདུག

མལ་ཌིབ་སི་རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་ཆེན་མུ་ས་ཛ་མིར་(Moosa Zameer)་གྱིས་གངས་ཆུ་དེ་རྣམས་བོད་རང་སྐྱོང་ལྗོངས་ཀྱི་སྤྱི་ཁྱབ་ཡན་ཅིན་ཧེས་(Jan Jinhai)་སྤྲད་པའི་ལག་རྟགས་རེད། བོད་ནི་འཛམ་གླིང་གི་ཡང་རྩེར་ཆགས་པའི་མཐོ་སྒང་ཞིག་ཡིན་པ་དང་མལ་ཌིབ་སི་ནས་རྒྱང་ཁད་སྤྱི་ལེ་༣༣༨༥་སྟེ། དབྱིན་ལེ་༢༡༠༠་ཐམ་པའི་ཕ་རོལ་ཏུ་ཡོད་ཅིང་། གངས་ཆུ་དེ་རྣམས་མཚོ་སྐྱེལ་དོས་སྒྲོམ་༩༠་ཐམ་པའི་ནང་དུ་བཙིགས་ནས་ཁྱེར་ཡོང་སྟེ་བདུན་ཕྲག་སྔོན་མར་རྒྱལ་ས་མཱ་ལེའི་གྲུ་ཁར་འབྱོར་སོང་། ན་ནིང་ཕྱི་ཟླ་༡༡་པའི་ནང་བོད་རང་སྐྱོང་ལྗོངས་ཀྱི་སྤྱི་ཁྱབ་མལ་ཌིབ་སི་ལ་འཚམས་འདྲིར་བསླེབས་པའི་སྐབས་སུ་བོད་ཀྱི་གངས་ཆུ་ལག་རྟགས་སུ་སྤྲོད་རྒྱུའི་ཁས་ལེན་བྱས་པ་རེད་ཅེས་བསྒྲགས།།

རྒྱ་ནག་སྲིད་འཛིན་ཤིའི་ཇིན་ཕིང་དང་མལ་ཌི་ཨའི་སྲིད་འཛིན་མྷོ་མེ་དཱ་མུ་ཡེ་ཛུའི་
རྒྱ་ནག་སྲིད་འཛིན་ཤིའི་ཇིན་ཕིང་དང་མལ་ཌི་ཨའི་སྲིད་འཛིན་མྷོ་མེ་དཱ་མུ་ཡེ་ཛུའི་

སྤྱི་ཚོགས་དྲྭ་ལམ་ཁག་ཏུ་བོད་ཀྱི་གངས་ཆུ་དེ་རྣམས་རྒྱ་ནག་ལ་ཕྱོགས་པའི་སྲིད་འཛིན་མྷོ་མེ་དཱ་མུ་ཡེ་ཛུའི་གསོལ་ཆུ་རེད། སྔ་ལོ་མུ་ཡེ་ཛུས་རྒྱ་གར་དགྲ་རུ་བཟུང་སྟེ་རྒྱ་ནག་གི་ཕྱོགས་འཛིན་བྱས་ནས་སྲིད་འཛིན་འོས་བསྡུའི་རྒྱལ་ཁ་ཐོབ་རེད་ཅེས་རྩོམ་ཡིག་བྲིས། མལ་ཌིབ་སི་གཞུང་གིས་བོད་ཀྱི་གངས་ཆུ་དེ་རྣམས་ཆུ་དཀོན་གྱི་ཛ་དྲག་དུས་སུ་མི་དམངས་ལ་བགྲོ་འགྲེམ་བྱ་འཆར་ཡོད། བོད་ནས་ཁྱེར་ཡོང་བའི་གངས་ཆུ་དེ་རྣམས་སྲིད་འཛིན་མུ་ཡེ་ཛུའི་གསོལ་ཆུ་རེད་ཟེར་གྱི་ཡོད་པ་ནི་ཁུངས་ལུང་མེད་པའི་སྐད་ཆ་རེད་ཅེས་དགག་པ་བརྒྱབ། ཁ་སྔོན་ཕྱི་ཟླ་དང་པོའི་ནང་སྲིད་འཛིན་མུ་ཡེ་ཛུ་རྒྱ་ནག་ལ་འཚམས་འདྲིར་བསྐྱོད་ནས་རྨང་གཞིའི་མཐུན་རྐྱེན་འཛུགས་སྐྲུན་དང་རང་བྱུང་ནུས་པ། མཚོ་སྐྱེས་ཐོན་སྐྱེད་དང་ཞིང་ལས་བཅས་ལ་རྒྱ་ནག་དང་མཉམ་འབྲེལ་བྱ་རྒྱུའི་གྲོས་མཐུན་ཁག་ཅིག་ལ་མིང་རྟགས་བཀོད།།

ཧྥ་རན་སི་གསར་འགྱུར་ལས་ཁང་གིས་མུ་མཐུད་དུ་གནས་ཚུལ་སྤེལ་བ་ལྟར་ན། འདས་པའི་ལོ་མང་རིང་རྒྱ་གར་གྱིས་མལ་ཌིབ་སི་ལ་དཔལ་འབྱོར་རོགས་རམ་དང་ཚོང་འབྲེལ་བཙུགས། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་སྤྲད། མལ་ཌིབ་སིའི་མཚོ་ཁོངས་སུ་རྒྱ་གར་གྱི་དམག་གིས་སྐོར་གཡེང་བྱས་ཀྱང་རྒྱ་ནག་ལ་འཚམས་འདྲིར་བསྐྱོད་པའི་རྗེས་སུ་སྲིད་འཛིན་མུ་ཡེ་ཛུས་རྒྱ་གར་གྱི་དམག་མི་རྣམས་རང་ཡུལ་དུ་ཕྱིར་ལོག་བྱོས་ཞེས་བཀའ་ཕབ། སྲིད་འཛིན་མུ་ཡེ་ཛུ་དང་མལ་ཌིབ་སིའི་མཐོ་རིམ་འགོ་ཁྲིད་ཚོས་སྟོད་གོས་ཀྱི་བྲང་ཁར་རྒྱ་གར་མཐར་སྐྲོད་ཐོངས་ཞེས་འཁོད་པའི་ཡི་གེ་བྲིས་ཡོད་པ་རྣམས་གྱོན། ཕྱི་ཟླ་༢་པའི་ནང་རྒྱ་ནག་གི་གྲུ་གཟིངས་ཤིག་མལ་ཌིབ་སིའི་གྲུ་ཁར་བསླེབས། རྒྱ་གར་གྱིས་རྒྱ་ནག་གི་གྲུ་གཟིངས་དེ་གསང་ཉུལ་གྱི་གྲུ་གཟིངས་རེད་ཅེས་དོགས་འདྲིག་ལངས།།

མ་ལྡིབ་ཀྱི་རྒྱལ་ས་མ་ལུང་ནེ།
མ་ལྡིབ་ཀྱི་རྒྱལ་ས་མ་ལུང་ནེ།

དེང་སྐབས་མལ་ཌིབ་སི་རྒྱལ་ཁབ་ཀྱི་ས་ཁྱོན་བརྒྱ་ཆ་༨༠་ལྷག་རྒྱ་མཚོ་ནས་མཐོ་ཚད་ཧྥི་ཁྲུ་༣་གྱི་ཀླད་དུ་ཆགས་ཡོད་པ་དང་རིམ་གྱིས་ས་ཆ་མང་ཆེ་བ་མཚོ་ནང་དུ་ཐིམ་རྒྱུའི་ཉེན་ཁ་ཤིན་ཏུ་ཆེ། སྲིད་འཛིན་མུ་ཡེ་ཛུས་རྒྱ་མཚོའི་ནང་དུ་རྡོ་དང་བྱེ་མ་བླུགས། གླིང་ཕྲན་མཐོན་པོ་གསར་པ་འཛུགས་སྐྲུན་བྱ་རྒྱུ་ཡིན། མཚོ་ནང་དུ་ཐིམ་ཟིན་པའི་ས་ཆ་རྣམས་ཕྱིར་ལེན་བྱ་རྒྱུ་དང་མཚོ་རགས་བརྩིགས་ནས་ས་ཆར་སྲུང་སྐྱོབ་བྱ་རྒྱུ་ཡིན་ཞེས་དམ་བཅའ་བཞག ༢༠༠༧་ལོར་ཚོགས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྲིད་གཞུང་ཁག་གི་གནམ་གཤིས་ཚོགས་ཆེན་ཐོག་ཏུ་དུས་རབས་༢༡་པའི་མཇུག་བར་དུ་རྒྱ་མཚོའི་ཆུ་ཚད་སན་ཊི་མཱི་ཊར་༡༨་ནས་༥༩་ཙམ་མཐོ་རུ་ཕྱིན་ཚེ། མལ་ཌིབ་སི་རྒྱལ་ཁབ་ཀྱི་ས་ཐོག་ཏུ་མི་རྣམས་འཚོ་གནས་བྱེད་མི་ཐུབ་པ་ཞིག་ཏུ་འགྱུར་རྒྱུ་རེད་ཅེས་སྙན་ཐོ་བཏོན།།

མལ་ཌིབ་སིའི་རྒྱལ་ས་མཱ་ལེ་གྲོང་ཁྱེར་ལ་མི་ཚོགས་ཆེ་བ་དང་ཁང་པ་མང་བས་ས་འོག་གི་ཆུ་རྣམས་ལོངས་སུ་སྤྱད་ནས་བསྐམས། ད་ལྟ་ནས་རྒྱལ་སའི་མི་དམངས་ལ་འཐུང་ཆུ་མེད་པར་རྒྱ་མཚོའི་ཆུར་ཚྭ་སེལ་བྱས་ནས་བགོ་འགྲེམ་བྱ་རྒྱུ་འགོ་ཚུགས། ༢༠༡༤་ལོའི་ཕྱི་ཟླ་༡༢་པའི་ནང་མལ་ཌིབ་སིའི་འཐུང་ཆུ་དྭངས་སེལ་ཁང་དུ་མེ་སྐྱོན་བྱུང་སྟེ་མང་ཚོགས་ལ་བདུན་ཕྲག་གཅིག་གི་རིང་འཐུང་ཆུ་ཆད་ནས་དཀའ་ངལ་ཆེན་པོ་ཕྲད། མཚོ་ཆུའི་ཚྭ་སེལ་ཁང་ཉམས་གསོ་མ་བྱས་པའི་བར་དུ་རྒྱ་དཀར་ནག་གཉིས་ཀས་མལ་ཌིབ་སི་ལ་གྲུ་གཟིངས་ནང་དུ་འཐུང་ཆུ་བསྐྱལ་ནས་ཤུགས་རྐྱེན་ཁྱབ་ཐབས་སུ་འབད། མལ་ཌིབ་སི་རྒྱ་གར་རྒྱ་མཚོའི་ནང་དུ་ཆགས་ཡོད་པས་རྒྱ་གར་གྱི་ཤུགས་རྐྱེན་ཁྱབ་ཡུལ་ཞིག་ཡིན་རུང་ཉེ་དུས་ཤིག་ནས་རྒྱལ་ཁབ་དེར་རྒྱ་ནག་གི་ཤུགས་རྐྱེན་ཁྱབ།།

ཕྱི་ཟླ་༣་པའི་ཚེས་༢༧་ཉིན་རྒྱ་གར་གྱི་བང་ཆེན་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། མལ་ཌིབ་སིའི་མཚོ་ཁ་རྣམས་གཙང་མ་དང་མཚོ་འགྲམ་གྱི་བྱེ་མ་དཀར་པོ། འཛམ་གླིང་གི་ཕྱུག་པོ་རྣམས་ཡུལ་སྐོར་སྤྲོ་འཆམ་དང་གུང་སེང་དུ་བསྐྱོད་ཡུལ་ཞིག་ཡིན་པར་མ་ཟད། འཛམ་གླིང་ཤར་ནུབ་གཉིས་ཀྱི་མཚོ་ཐོག་སྐྱེལ་འདྲེན་གྱི་འགག་འཕྲང་གནད་འགག་ཞིག་ཀྱང་ཡིན་ཞིང་། ཉེ་བའི་ལོ་ཤས་ཤིག་ནས་རྒྱ་ནག་གིས་མལ་ཌིབ་སི་ལ་ཨ་སྒོར་དུང་ཕྱུར་མང་པོ་མ་རྩ་བཙུགས་ཏེ་འཛུགས་སྐྲུན་གྱི་ལས་གཞི་རྣམས་མགོ་བརྩམས། མལ་ཌིབ་སི་ཡང་སིངྒེ་ལ་ལྟར་རྒྱ་ནག་གི་བུ་ལོན་འོག་ཏུ་ཚུད། བོད་རང་སྐྱོང་ལྗོངས་ནས་མལ་ཌིབ་སི་ལ་གངས་ཆུ་ལག་རྟགས་སུ་སྤྲད་པ་ནི་རྒྱལ་ཁབ་དེར་རྒྱ་ནག་གིས་རོགས་སྐྱོར་སྣ་མང་ཞིག་སྤྲོད་རྒྱུའི་ཁས་ལེན་བྱས་པའི་གྲས་སུ་གཏོགས། གཟའ་འཁོར་གཉིས་ཀྱི་སྔོན་དེར་སྲིད་འཛིན་མུ་ཡེ་ཛུས་རྒྱ་ནག་གིས་ཉེན་ཚབས་ཆེན་པོ་མེད་པའི་དམག་དོན་ཡོ་བྱད་ཁག་ཅིག་མལ་ཌིབ་སི་ལ་རོགས་རམ་སྤྲད་སོང་ཞེས་གསལ་བསྒྲགས་སྤེལ།།

ཕྱི་ཟླ་༣་པའི་ཚེས་༢༨་ཉིན་རྒྱ་གར་གྱི་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཟླ་བ་འདིར་རྒྱ་ནག་གི་རྒྱལ་སྤྱིའི་དམག་དོན་མཉམ་འབྲེལ་ཁང་གི་འགན་འཛིན་གཞོན་པ་དམག་སྤྱི་ཀྲང་པའོ་ཆུན་དང་རྒྱ་ནག་གི་ཕྱིར་ཚོང་དང་ནང་འདྲེན་དངུལ་ཁང་གི་གཙོ་འཛིན་རཱེན་ཧྲེང་ཅུན་(Ren Shengjun)་གཉིས་སྔ་རྗེས་སུ་མལ་ཌིབ་སི་རྒྱལ་ཁབ་ལ་འཚམས་འདྲིར་བསྐྱོད། གཟའ་འཁོར་གསར་འགྱུར་དུས་དེབ་སོགས་སུ་རྒྱ་ནག་གིས་མལ་ཌིབ་སི་ལ་དམག་དོན་རོགས་སྐྱོར་བྱ་རྒྱུའི་གྲོས་མཐུན་བཞག་པ་རེད་ཅེས་གནས་ཚུལ་ཐོན། ཕྱི་ཟླ་༣་པའི་ཚེས་༤་ཉིན་མལ་ཌིབ་སིའི་རྒྱལ་སྲུང་ལྷན་ཁང་གིས་རྒྱ་ནག་ལ་དམག་དོན་འབྲེལ་བ་བཙུགས་པ་ཡིན། རྒྱ་ནག་གིས་མལ་ཌིབ་སི་སྤྱི་མཐུན་རྒྱལ་ཁབ་ལ་དམག་དོན་ཐོག་ཏུ་རོགས་སྐྱོར་བྱ་རྒྱུ་དང་ཕྱོགས་གཉིས་ཀྱི་འབྲེལ་བ་སྲ་བརྟན་གཏོང་གི་ཡོད་ཅེས་ཨེག་སི་དྲྭ་ཚིགས་སུ་འཕྲིན་ཐུང་ཞིག་སྤེལ་བའི་གནས་ཚུལ་ཐོན་འདུག

གླེང་སྟེགས།

XS
SM
MD
LG