ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༡༡/༢༣

རྒྱ་ནག་ཏུ་ནད་ཡམས་ཁྱབ་གདལ་འགྲོ་བཞིན་པར་གཞུང་དམངས་གཉིས་ཀྱིས་སྣང་མེད།


༢༠༢༢ ལོའི་ལོ་མཇུག་ཏུ། རྒྱ་ནག་གཞུང་གིས་གློ་བུར་དུ་ནད་དུག་གཙང་སེལ་ཞེས་པའི་སྲིད་ཇུས་ཐལ་ཆ་ཅན་དེ་བཞིན་ཕྱིར་བསྡུ་བྱས་རྗེས་རྒྱ་ནག་རྒྱལ་ཡོངས་སུ་ནད་ཡམས་ཁྱབ་གདལ་ཤུགས་ཆེ་ཕྱིན་ཡོད་པ་དང་། ཉེ་ལམ་རྒྱ་ནག་ཏུ་ཏོག་དབྱིབས་ནད་དུག་བསྐྱར་དུ་ཁྱབ་གདལ་འགྲོ་འགོ་ཚུགས་ཏེ་སྨན་ཁང་ནང་ནད་པས་ཁེངས་བསྡད་ཡོད་པའི་གནས་ཚུལ་ཐོན་འདུག། ཡིན་ན་ཡང་ཐེངས་འདིར་ནད་པ་མང་ཆེ་བར་ནད་རྟགས་ལྗི་མོ་མེད་པ་དང་རྒྱུན་ལྡན་གྱི་འཚོ་བར་ཤུགས་རྐྱེན་དེ་ཙམ་ཐེབས་ཀྱི་མེད་སྟབས། ད་ཆ་རྒྱ་ནག་གཞུང་དམངས་གཉིས་ཀྱིས་ནད་ཡམས་ཁྱབ་གདལ་ལ་དེ་སྔོན་ནང་བཞིན་བློ་འཚབ་དང་འཇིགས་སྣང་མེད་པར་ཚང་མས་སྣང་མེད་གཏོང་བཞིན་ཡོད་པ་རེད། འཕྲོད་བསྟེན་ཆེད་མཁས་པ་ཚོས་བྱེད་སྟངས་དེ་ནི་འགོག་སྨན་དང་སྨན་བཅོས་ཀྱི་ཆ་རྐྱེན་ཡག་པོ་མེད་ཐོག ནད་པའི་གྲངས་འབོར་ཁ་གསལ་མེད་པའི་རྒྱ་ནག་ལ་མཚོན་ན་ཤུགས་རྐྱེན་ངན་པ་ཐེབས་རྒྱུ་རེད་ཅེས་ཉེན་བརྡ་བཏང་འདུག།

དེང་སྐབས་རྒྱ་ནག་རྒྱལ་ཡོངས་སུ་ཏོག་དབྱིབས་ནད་པ་ཇེ་མང་དུ་འགྲོ་བཞིན་པ།

སྤྱི་ཟླ་༥ པའི་ཚེས་༢༢ ཉིན། རྒྱ་ནག་གི་སྨན་པ་ཀྲུང་ནན་ཧྲན་གྱིས་ཚོད་དཔག་བྱས་པ་ལྟར་ན། སྤྱི་ཟླ་༤ པའི་ཟླ་མཇུག་དང་སྤྱི་ཟླ་༥ པའི་ཟླ་མགོར་རྒྱ་ནག་ཏུ་ནད་ཡམས་ཁྱབ་གདལ་ཚད་མཐོ་ཤོས་སུ་སླེབས་རྒྱུ་དང་། ལྷག་པར་དུ་སྤྱི་ཟླ་༥ པའི་ཟླ་མཇུག་ཏུ་བདུན་རེར་ནད་པ་བྱེ་བ་བཞི་ཙམ་དང་། སྤྱི་ཟླ་༦ པའི་ཟླ་མཇུག་ཏུ་བདུན་རེར་ནད་པ་བྱེ་བ་དྲུག་དང་ས་ཡ་ལྔ་ཙམ་ལ་སླེབས་རྒྱུ་རེད་འདུག། ཀྲུང་ནན་ཧྲན་གྱིས་སོ་སོས་ཚོད་དཔག་བྱས་པའི་གྲངས་འབོར་དེ་དག་ཀྱང་ཏག་ཏག་བསྡད་ཀྱི་ཡོད་མེད་ད་དུང་ཚོད་ཐིག་ཁག་པོ་རེད་ཅེས་བརྗོད་འདུག།

རྒྱ་ནག་གི་སྨན་པ་ཀྲུང་ནན་ཧྲན་
རྒྱ་ནག་གི་སྨན་པ་ཀྲུང་ནན་ཧྲན་

པེ་ཅིང་གྲོང་ཁྱེར་གྱི་འཕྲོད་བསྟེན་ལས་ཁུངས་ཀྱིས་གནས་ཚུལ་སྤེལ་གསལ་ལ། ཉེ་ལམ་པེ་ཅིང་གྲོང་ཁྱེར་ནང་བདུན་རེའི་ནད་པའི་གྲངས་འབོར་དེ་ས་གནས་གཞན་ལས་མང་བ་ཆགས་ཡོད་པ་དང་། ལྷག་པར་དུ་བདུན་ཕྲག་༢༠ པའི་ནང་གི་ནད་པའི་གྲངས་འབོར་དེ་བདུན་ཕྲག་༡༧ པའི་ནང་གི་གྲངས་འབོར་ལས་ལྡབ་བཞི་ཇེ་མང་དུ་ཕྱིན་འདུག། པེ་ཅིང་སློབ་ཆེན་གྱི་སྨན་ཁང་གི་ནད་ཡམས་སྡེ་ཚན་གྱི་འགན་འཛིན་ཝང་ཀའེ་ཆང་གིས་སྤྱི་ཟླ་༥ པའི་ཚེས་༢༦ ཉིན་པེ་ཅིང་ཉིན་རེའི་ཚགས་ཤོག་གི་བཅར་འདྲི་དང་ལེན་བྱེད་དུས་བརྗོད་དོན། སྤྱི་ཡོངས་ནས་བལྟས་ན་ནད་ཡམས་ཁྱབ་གདལ་གྱི་རྦ་རླབས་གཉིས་པའི་སྐབས་སུ། ནད་པ་ཚོ་ལ་ཚ་བ་རྒྱས་པའི་དུས་ཡུན་ཐུང་བ་དང་ཐེངས་དང་པོ་དང་བསྡུར་ན་ནད་རྟགས་ལྕི་མོ་མེད་པ། མགྱོགས་པོར་དྲག་སྐྱེད་ཡོང་ཐུབ་པའི་ཁྱད་ཆོས་འདུག་ཅེས་བརྗོད་འདུག།

སྨན་ཁང་ཚང་མ་ཏོག་དབྱིབས་ནད་པས་ཁེངས་ཡོང་གི་ཡོད་པ།

རྒྱ་ནག་གི་ཀྲེ་ཅང་ཞིང་ཆེན་ཝེན་ཀྲུའུ་ནས་ཡིན་པའི་དྲ་གྲོགས་ཤིག་གིས་ཝེ་པོ་དྲ་ཚིགས་སུ་རྩོམ་ཐུང་ཞིག་སྤེལ་ཏེ། མཚན་མོ་ཆུ་ཚོད་དང་པོ་ལྷག་ཙམ་གྱི་ཐོག གྲོང་ཁྱེར་རིམ་པའི་སྨན་ཁང་ཞིག་གི་ཕྱི་ནང་ལ་བང་སྒྲིག་ནས་སྡོད་མཁན་གྱི་ནད་པ་ཧ་ལམ་ཚང་མ་ཏོག་དབྱིབས་ནད་དུག་འགོས་མཁན་ཤ་ཏག་རེད། དེའི་ནང་མང་ཆེ་བ་ནི་ནད་དུག་ཐེངས་གཉིས་པ་འགོས་མཁན་རེད་འདུག། ནད་དུག་དེ་ཡང་བསྐྱར་ཁྱབ་གདལ་འགྲོ་འགོ་ཚུགས་ཚར་འདུག། ནད་དུག་ཐེངས་གཅིག་འགོས་མྱོང་མཁན་ཚོས་ཀྱང་བསྐྱར་དུ་ནད་དུག་འགོ་རྒྱུར་གྲ་སྒྲིག་བྱེད་དགོས་ས་རེད་ཅེས་བཀོད་འདུག།

ཧོང་ཀོང་སློབ་ཆེན་གྱི་ལི་ཅཱ་ཁྲེན་གསོ་བ་རིག་པ་དང་སྐྱེ་དངོས་རྫས་འགྱུར་རིག་པའི་སློབ་གླིང་གི་དགེ་རྒན་ཆེན་མོ་ཅིང་ཏུང་ཡན་
ཧོང་ཀོང་སློབ་ཆེན་གྱི་ལི་ཅཱ་ཁྲེན་གསོ་བ་རིག་པ་དང་སྐྱེ་དངོས་རྫས་འགྱུར་རིག་པའི་སློབ་གླིང་གི་དགེ་རྒན་ཆེན་མོ་ཅིང་ཏུང་ཡན་

ཧོང་ཀོང་སློབ་ཆེན་གྱི་ལི་ཅཱ་ཁྲེན་གསོ་བ་རིག་པ་དང་སྐྱེ་དངོས་རྫས་འགྱུར་རིག་པའི་སློབ་གླིང་གི་དགེ་རྒན་ཆེན་མོ་ཅིང་ཏུང་ཡན་གྱིས་བརྗོད་དོན། དེང་སང་རྒྱ་ནག་ནང་ནད་དུག་ཁྱབ་གདལ་འགྲོ་བཞིན་པའི་གནས་སྟངས་དེ་གློ་བུར་དུ་ས་གནས་གཅིག་ནས་ཁྱབ་གདལ་ཕྱིན་པ་ཞིག་མ་རེད། རྒྱ་ནག་དང་ཨ་རི་གཉིས་ཀྱི་གནས་སྟངས་ལ་ཁྱད་པར་ཆེན་པོ་མེད། ཀྲུང་ནན་ཧྲན་གྱི་བརྗོད་ཚུལ་དེ་ལ་ཡང་ང་ཚོས་དེ་ཙམ་གྱིས་དོ་སྣང་བྱ་དགོས་དོན་མེད། མི་སུ་ཡིན་རུང་ཚོད་དཔག་གང་བྱུང་མ་བྱུང་བྱ་ཆོག་གི་རེད། ངས་བསམ་ན་ད་ལྟ་རྒྱ་ནག་གི་ནད་ཡམས་ཁྱབ་གདལ་དེ་ཚད་མཐོ་ཤོས་སུ་སླེབས་ཡོད། ད་ལྟ་རྒྱ་ནག་ནང་ནད་པའི་གྲངས་འབོར་གཏན་ཁེལ་ཞིག་རྙེད་ཐུབ་ཀྱི་མེད་པས་འབྱུང་འགྱུར་ཚད་དེ་ཇེ་མཐོར་འགྲོ་རྒྱུ་ཡིན་ནམ་ཇེ་དམའ་ལ་འགྲོ་རྒྱུ་ཡིན། དེ་ནི་སུས་ཀྱང་ཚོད་ཐིག་ཁག་པོ་རེད་ཅེས་འགྲེལ་བརྗོད་བྱས་འདུག།

དགེ་རྒན་ཆེན་མོ་ཅིང་ཏུང་ཡན་གྱིས་མུ་མཐུད་ནས་བརྗོད་དོན། རྒྱ་ནག་གིས་ནད་ཡམས་སྐོར་ལ་སྙན་ཐོ་འདོན་གྱི་མེད། རྒྱ་ནག་རིམས་ནད་འགོག་སྲུང་ལྟེ་གནས་ཁང་གིས་དུས་ཡུན་རིང་པོར་ནད་ཡམས་ཀྱི་སྐོར་ལ་གནས་ཚུལ་ཁ་གསབ་བརྒྱབ་མེད། ཅིག་བྱས་ན་རྒྱ་ནག་གིས་ཨ་རིའི་བྱེད་སྟངས་ལ་ལད་མོ་བྱེད་བཞིན་ཡོད་མོད། ཡིན་ན་ཡང་ལད་མོ་བྱས་པ་དེ་ལམ་ལྷོང་ཡོང་ཐུབ་མིན་དེ་དོན་དག་གཞན་པ་རེད། རྒྱ་ནག་ལ་འགོག་སྨན་ནུས་པ་ལྡན་པ་ཞིག་མེད་ལ་འགོག་སྨན་དང་ལེན་བྱེད་དུ་འགྲོ་མཁན་ཡང་ཧ་ལམ་མེད། སྨན་འདང་ངེས་ཤིག་གསོག་འཇོག་བྱེད་མཁན་ཡང་མེད། དེ་བས་གནས་སྟངས་ཁག་པོ་ཆགས་རྒྱུ་རེད་ཅེས་བརྗོད་འདུག།

རྒྱ་ནག་ཧྥུ་ཅན་ནས་ཡིན་པའི་རྒྱ་མི་ལིང་ཟེར་མཁན་ཞིག་གིས་འདི་གར་ཨ་རིའི་རླུང་འཕྲིན་ཁང་ལ་བརྗོད་དོན། ཁོ་རང་༢༠༢༢ ལོའི་སྤྱི་ཟླ་༡༢ པའི་ཟླ་དཀྱིལ་ཙམ་ལ་ནད་དུག་ཐེངས་དང་པོ་འགོས་པ་དང་། ཟླ་བ་ལྔ་ཕྱིན་རྗེས་ད་ཆ་བསྐྱར་དུ་ནད་དུག་འགོས་སོང་ཞེས་དང་། ཡིན་ན་ཡང་ད་རེས་ནད་རྟགས་ལྗི་མོ་མེད་ཅིང་། སེམས་པ་ཡང་ལྷོད་ལྷོད་རེད། ཁོ་རང་གཡན་གཡོན་ལ་ནད་དུག་ཐེངས་གཉིས་པ་འགོས་མཁན་མང་པོ་འདུག། མང་ཆེ་བས་བརྟག་དཔྱད་བྱེད་ས་འགྲོ་འདོད་མེད་ལ་ཁ་རས་ཀྱང་གྱོན་གྱི་མི་འདུག། ད་ལྟ་བློ་འཚབ་སྐྱེ་ས་གཅིག་པུ་དེ་ནང་གི་བགྲེས་སོང་དེ་ཚོ་རེད། གལ་སྲིད་ཁོ་ཚོ་ལ་ནད་དུག་འགོས་ན་ཅུང་ཟད་ཁག་པོ་ཡོད་ས་རེད་ཅེས་བརྗོད་འདུག།

ཧུའུ་ནན་ནས་པེ་ཅིང་དུ་ལས་ཀ་ལ་ཡོང་མཁན་རྒྱ་མི་ཀྲང་ལ་ཉེ་ལམ་ནད་དུག་འགོས་ནས་སྨན་ཁང་དུ་མི་བསྡད་ཁ་མེད་བྱུང་འདུག། ཁོས་འདི་གར་ཨ་རིའི་རླུང་འཕྲིན་ཁང་ལ་བརྗོད་དོན། ད་ལྟ་ཁོ་ཡོད་སའི་སྨན་ཁང་ལ་ནད་པའི་ཉལ་ཁྲི་འདང་གི་མེད་པ་དང་སྨན་ཁང་ནས་ནད་པས་ཁེངས་ཚར་ཡོད་པ། ཁོའི་གྲོགས་པོའི་ཕ་མ་གཉིས་ཀ་སྨན་ཁང་ཉེ་འཁྲིས་སུ་ཁང་པ་གླས་ནས་བསྡད་ཡོད། པེ་ཅིང་གི་སྨན་ཁང་ཚང་མའི་ནང་ནད་པས་ཁེངས་ནས་ནད་པ་གསར་པ་ཚོ་ལ་ཉལ་ཁྲི་རག་གི་མི་འདུག་ཅེས་དང་། ཁོ་རང་ཉེ་འཁོར་གྱི་གྲོགས་པོ་ཚོ་ནད་དུག་ཐེངས་གཉིས་པ་འགོས་དུས་སེམས་ལྷོད་པོ་ཡིན་པ་དང་དེ་སྔར་ནང་བཞིན་འཇིགས་སྣང་དང་བློ་འཚབ་དེ་ཙམ་ཡོང་གི་མེད། ཁོས་བསམ་ན་རྒྱ་ནག་མི་དམངས་ཚོས་དེ་སྔར་ནད་དུག་ཁྱབ་གདལ་སྐབས་ཀྱི་བསླབ་བྱ་ལེན་ཐུབ་མེད་པ་དང་། རྒྱ་ནག་ནང་ནད་དུག་གི་འབྱུང་ཁུངས་བརྩད་གཅོད་བྱ་རྒྱུ་ནི་ཆབ་སྲིད་ཀྱི་གནད་དོན་ཞིག་ཆགས་ཡོད་སྟབས་དེའི་སྐོར་ལ་གླེང་སློང་བྱས་ན་གང་ཅིའི་ཐད་ནས་གནོན་ཤུགས་ཆེན་པོ་འཕྲད་རྒྱུ་ཡིན་པས། མི་ཚོས་ཆབ་སྲིད་ལ་ཕོག་ཐུག་མི་འགྲོ་བའི་ཆེད་དུ་རྐང་བཙུགས་ནས་ནད་དུག་དང་འབྲེལ་བའི་བརྗོད་གཞི་ཡོད་ཚད་ལ་གཡོལ་ཐབས་བྱེད་བཞིན་པ་རེད་ཅེས་བརྗོད་འདུག

སྤྱི་ཟླ་༥ པའི་ཚེས་༢༣ ཉིན་དབྱིན་ཇིའི་བྷི་བྷི་སི་རྒྱང་བསྒྲགས་ལས་ཁུངས་ཀྱིས་ཏོག་དབྱིབས་ནད་དུག་གི་འབྱུང་ཁུངས་སྐོར་ལ་བཅར་འདྲི་བྱེད་དུས། རྒྱ་ནག་གི་ནད་དུག་རིག་པ་བ་དང་རྒྱ་ནག་གི་རིམས་ནད་འགོག་སྲུང་ལྟེ་གནས་ཁང་གི་འགན་འཛིན་ཟུར་པ་ཀའོ་ཧྥུས་བརྗོད་དོན། དོན་དག་ཡོད་ཚད་ལ་ང་ཚོས་དོགས་སློང་སྐྱེ་ཆོག་གི་རེད། ཚན་རིག་ཟེར་ན་དེ་འདྲ་ཞིག་ལ་ཟེར་གྱི་རེད། མི་སྲིད་དགུ་སྲིད་གང་ཡང་སྲིད་པ་ཞིག་རེད་ཅེས་བརྗོད་འདུག། ཡིན་ན་ཡང་རྒྱ་ནག་གཞུང་གིས་ནད་དུག་དེ་བཞིན་དང་ཐོག་ཝུའུ་ཧན་གྱི་ནད་དུག་ཞིབ་འཇུག་ཁང་ནས་ཕྱིར་ཤོར་བའི་བརྗོད་ཚུལ་དེ་ལ་ངོས་ལེན་རྩ་བ་ནས་བྱས་མྱོང་མེད་པས། རྒྱ་ནག་གི་རིམས་ནད་འགོག་སྲུང་ལྟེ་གནས་ཁང་གི་འགན་འཛིན་ཟུར་པ་ཞིག་གིས་མི་སྲིད་དགུ་སྲིད་ཅི་ཡང་སྲིད་པ་རེད་ཅེས་པའི་བརྗོད་ཚུལ་དེས་མི་ཚོ་ལ་མཐོང་ཐོས་གསར་པ་ཞིག་སྦྱིན་ཡོད་པའི་སྣང་བ་སྟེར་འདུག།

འབྲེལ་ཡོད།

XS
SM
MD
LG