ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༩/༡༧

རྒྱ་ནག་གིས་ལ་དྭགས་ནི་རྒྱ་གར་གྱི་དབུས་ཐད་སྐྱོང་ས་ཁུལ་མ་རེད་ཅེས་བསྒྲཊ།


༄༅།། རྒྱ་ནག་གིས་སླར་ཡང་ལ་དྭགས་ནི་རྒྱ་གར་གྱི་དབུས་ཐད་སྐྱོང་མངའ་ཁུལ་ཞིག་ཡིན་ཟེར་བའི་སྐད་ཆ་དེར་ངོས་ལེན་གཏན་ནས་མེད་ཅེས་བསྐྱར་ཟློས་བྱས་འདུག ཕྱི་ཟླ་༡༢་པའི་ཚེས་༡༥་ཉིན་རྒྱ་གར་གྱི་དར་འཕྲིན་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། པེ་ཅིང་དུ་བཅའ་སྡོད་ཕྱི་རྒྱལ་གྱི་གསར་འགོད་པ་ཚོས་རྒྱ་ནག་གཞུང་ལ་རྒྱ་གར་གྱི་ཆེས་མཐོའི་ཁྲིམས་ཁང་གིས་སྲིད་བློན་མོ་དྷིའི་གཞུང་གིས་ཇམ་མུ་ཀ་སྨིར་དུམ་བུ་གཉིས་སུ་བགོས་པ་རང་སོར་འཇོག་དགོས་པའི་ཐག་གཅོད་བྱས་པར་ལྟ་ཚུལ་ཅི་ཡོད་ཅེས་དྲིས། རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་མའོ་ཉིང་གིས་རྒྱ་དཀར་ནག་གི་ནུབ་ཕྱོགས་མཐའ་མཚམས་ཀྱི་ས་ཁུལ་དེ་སྔ་མོ་ནས་རྒྱ་ནག་གི་མངའ་ཁོངས་རེད། ལྡི་ལི་གསར་པས་ཁྲིམས་འགལ་དང་ཕྱོགས་གཅིག་རྐྱང་པས་ལ་དྭགས་རྒྱ་གར་གྱི་དབུས་ཐད་སྐྱོང་མངའ་ཁུལ་ཞིག་ཏུ་བསྒྱུར་བར་རྒྱ་ནག་གིས་ནམ་ཡང་ངོས་ལེན་བྱེད་ཀྱི་མེད། ལ་དྭགས་རྒྱ་ནག་ལ་གཏོགས་པའི་དོན་དངོས་ལ་རྒྱ་གར་གྱི་ཁྲིམས་ཁང་གིས་འགྱུར་བ་གཏོང་མི་ཐུབ་ཅེས་ལན་བཏབ།།

རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་མའོ་ཉིང་
རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་མའོ་ཉིང་

ད་སྔ་རྒྱ་གར་གྱི་ཕྱི་སྲིད་ལྷན་ཁང་ནས་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པའི་སྐད་ཆར་ལན་འདེབས་གང་ཡང་བྱས་མེད་ཅིང་། གཟའ་འཁོར་འདིར་རྒྱ་གར་གྱི་ཆེས་མཐོའི་ཁྲིམས་ཁང་གིས་ལོ་བཞིའི་གོང་དུ་རྒྱ་གར་གཞུང་ནས་ཇམ་མུ་ཀསྨིར་དང་ལ་དྭགས་གཉིས་དབུས་གཞུང་གི་ཐད་སྐྱོང་མངའ་ཁུལ་གཉིས་སུ་བསྒྱུར་ཡོད་པར་འགྱུར་བ་གཏོང་མི་ཆོག ཡིན་ནའང་ཇམ་མུ་དང་ཀ་སྨིར་གཉིས་ལ་མངའ་སྡེའི་ཐོབ་ཐང་སྤྲད་ནས་མྱུར་དུ་སྤྱི་ཡོངས་འོས་འདེམས་བྱ་དགོས། ལ་དྭགས་ནི་དབུས་གཞུང་གི་ཐད་སྐྱོང་མངའ་ཁུལ་གྱི་གནས་བབ་ཐོག་ཏུ་སོར་འཇོག་བྱ་དགོས་ཞེས་ཐག་བཅད། ༢༠༡༩་ལོའི་ཕྱི་ཟླ་༨་པའི་ཚེས་༥་ཉིན་སྲིད་བློན་མོ་དྷིའི་གཞུང་གིས་ཇམ་མུ་ཀསྨིར་གྱི་རང་སྐྱོང་གི་ཐོབ་ཐང་ཕྱིར་བསྡུ་བྱས་ནས་མངའ་སྡེ་དེ་ཇམ་མུ་ཀསྨིར་དང་ལ་དྭགས་བཅས་དབུས་གཞུང་གི་ཐད་སྐྱོང་མངའ་ཁུལ་གཉིས་སུ་བགོས།།

ཕྱི་ཟླ་༡༢་པའི་ཚེས་༡༤་ཉིན་ཧོང་ཀོང་གི་རྒྱ་ནག་ལྷོ་ཕྱོགས་སྔ་དྲོའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ལ་དྭགས་ནི་ཧི་མ་ལ་ཡའི་ལྗོངས་སུ་རྒྱ་དཀར་ནག་གི་དམག་དཔུང་གདོང་ཐུག་འབྱུང་ས་དང་སྐབས་འགར་མི་གསོད་ཁྲག་སྦྱོར་འབྱུང་ས་ཞིག་རེད། གཟའ་མིག་དམར་ཉིན་རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་རྒྱ་ནག་གི་ལངས་ཕྱོགས་ཧ་ཅང་གི་གསལ་པོ་དང་འགྱུར་བ་མེད་པ་ཞིག་ཡིན། ཀསྨིར་གྱི་གནད་དོན་དེ་ལོ་རྒྱུས་ཀྱིས་བཞག་པའི་རྩོད་གཞི་ཞིག་རེད། དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཅའ་ཁྲིམས་དང་བདེ་འཇགས་ལས་འཛིན་ལྷན་ཁང་གི་གྲོས་ཆོད། ཕྱོགས་གཉིས་ཀྱི་གྲོས་མཐུན་ཁག་གི་དགོངས་དོན་ལྟར་ཞི་བདེ་དང་འོས་འཚམས་ཀྱི་ལམ་ནས་ཐག་གཅོད་བྱ་དགོས། གནད་དོན་དེར་འབྲེལ་ཡོད་ཚོགས་པ་ཁག་གིས་གྲོས་མོལ་དང་གོ་བསྡུར་བྱས་ནས་འགལ་ཟླ་སེལ་ཐབས་བྱས་ན་ས་གནས་ཀྱི་ཞི་བདེ་བརྟན་ལྷིང་རྒྱུན་འཁྱོངས་བྱེད་ཐུབ་ཅེས་རྒྱ་གར་གྱི་ཆེས་མཐོའི་ཁྲིམས་ཁང་གི་ཐག་གཅོད་ལ་ལན་འདེབས་བྱས་འདུག

ཕྱི་ཟླ་༡༡་པའི་ཚེས་༣༠་ཉིན་རྒྱ་དཀར་ནག་གི་ཕྱི་འབྲེལ་མི་སྣ་ཚོས་གྲོས་མོལ་ཐེངས་༢༨་པ་བྱས་ནས་ལ་དྭགས་ཕྱོགས་སུ་ས་མཚམས་ཀྱི་རྩོད་གཞི་ཡོད་པ་སེལ་ཐབས་སུ་འབད། ༢༠༢༠་ལོར་ལ་དྭགས་ཀྱི་གྷལ་ཝན་ལུང་གཞུང་དུ་རྒྱ་དཀར་ནག་གི་དམག་མི་ཁག་ཅིག་ལག་འཛིང་ཐུག་སྟེ་རྒྱ་གར་གྱི་དམག་མི་༢༠་ཐམ་པ་བསད། རྒྱ་ནག་གི་དམག་མི་དེ་ལས་མང་བ་ཞིག་བསད་རྨས་བྱུང་སྟེ་ལོ་བཅུ་ཕྲག་མང་པོར་རྒྱ་དཀར་ནག་གཉིས་ལ་བྱུང་མྱོང་མེད་པའི་འཁྲུག་རྩོད་ཚབས་ཆེན་ཞིག་ལངས། ༢༠༢༢་ཀྱི་ཕྱི་ཟླ་༩་པ་ནས་རྒྱ་དཀར་ནག་གཉིས་ཀས་ས་མཚམས་ཀྱི་དམག་དཔུང་ཕྱིར་འཐེན་བྱ་རྒྱུའི་གྲོས་མོལ་ལན་མང་བྱས་ཀྱང་སྤྱི་ལེ་༣༠༠༠་ལྷག་གི་དབང་བསྒྱུར་ས་མཚམས་ཁག་ཏུ་ཛ་དྲག་ཞི་འཇམ་འགྲོ་ཐུབ་རྒྱུ་དཀའ་བར་སྣང་།།

རྒྱ་གར་གྱི་ཤར་ཨེ་ཤི་ཡའི་ཟུང་འབྲེལ་དྲུང་ཆེ་གྷོ་རང་ག་ལལ་ད་སི་
རྒྱ་གར་གྱི་ཤར་ཨེ་ཤི་ཡའི་ཟུང་འབྲེལ་དྲུང་ཆེ་གྷོ་རང་ག་ལལ་ད་སི་

ཉེ་ཆར་རྒྱ་ནག་གི་ས་མཚམས་དང་མཚོ་ཁོངས་དོ་དམ་ལས་ཁུངས་ཀྱི་སྤྱི་ཁྱབ་འགན་འཛིན་ཧོང་ལེང་དང་རྒྱ་གར་གྱི་ཤར་ཨེ་ཤི་ཡའི་ཟུང་འབྲེལ་དྲུང་ཆེ་གྷོ་རང་ག་ལལ་ད་སི་གཉིས་ཀྱིས་གྲོས་མོལ་ལྷུག་པོ་བྱས་པར་མ་ཟད། རྒྱ་ནག་གིས་གྲོས་མོལ་དེར་གྲུབ་འབྲས་ཡག་པོ་ཐོན་སོང། རྒྱ་དཀར་ནག་གི་ཕྱི་འབྲེལ་དང་དམག་དོན་མི་སྣ་ཚོས་འབྲེལ་མོལ་མུ་མཐུད་དུ་བྱ་འཆར་ཡོད་ཅེས་བསྒྲགས། དེ་བཞིན་རྒྱ་གར་གྱིས་ཀྱང་རྒྱ་དཀར་ནག་གཉིས་ཀས་སྔ་ཙམ་ས་མཚམས་ཀྱི་རྩོད་གཞི་རྣམས་ཐག་གཅོད་བྱས་ཏེ་འགལ་ཟླའི་ལེའུ་དེ་རྒྱབ་ཏུ་བསྐྱུར་རྒྱུའི་གྲོས་མཐུན་བྱས་སོང་ཞེས་གསལ་བསྒྲགས་སྤེལ། ཡིན་ནའང་གཟའ་འཁོར་འདིར་རྒྱ་གར་གྱི་ཆེས་མཐོའི་ཁྲིམས་ཁང་གིས་ལ་དྭགས་ཀྱི་གནས་བབ་ལ་བཅད་ཁྲ་བསྒྲགས་ནས་རྒྱ་དཀར་ནག་གི་རྩོད་གཞི་བསྐྱར་སློང་བྱས་ཡོད་པའི་གནས་ཚུལ་ཐོན་འདུག

རྒྱ་དཀར་ནག་གཉིས་ཀས་ལ་དྭགས་ཕྱོགས་སུ་དམག་མི་ཁྲི་ཚོ་མང་པོ་དང་ལྕགས་ཁྲབ་འཁོར་ལོ། མེ་སྒྱོགས་དང་འཕུར་མདེལ། ཁ་ལོ་བ་མེད་པའི་འཕུར་གྲུའི་དཔུང་སྡེ་ཁག་བཀྲམ་སྟེ་དམག་ས་བཟུང་། ཐ་ན་དགུན་གྱི་དུས་སུའང་གངས་རིའི་ཁྲོད་དུ་འགྲེམ་འཇོག་བྱེད་ཡོད་པའི་དམག་དཔུང་རྣམས་ཕྱིར་འཐེན་མ་བྱས་པར་ས་མཚམས་བསྲུངས། ཕྱི་ཟླ་༡༠་པའི་ཚེས་༢༢་ཉིན་ཧིན་རྡུ་སི་ཐན་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་གིས་ཧིན་བོད་ས་མཚམས་ཁག་ཏུ་དམག་སྒར་གསར་པ་དང་རྒྱ་ལམ། མེ་འཁོར་ལྕགས་ལམ་དང་ཟམ་པ། ཕུག་ལམ་སོགས་དམག་དོན་ལ་མཁོ་བའི་རྨང་གཞིའི་མཐུན་རྐྱེན་འཛུགས་སྐྲུན་གྱི་ལས་གཞི་རྒྱ་བསྐྱེད། བོད་མཐོ་སྒང་དུ་འཛུགས་སྐྲུན་བྱེད་ཀྱི་ཡོད་པའི་གནམ་ཐང་ཁག་ཞི་དྲག་གཉིས་ཀར་བཀོལ་སྤྱོད་བྱེད་ཆོག་པ་དང་ཐད་འཕུར་གནམ་གྲུ་འབབ་སའི་བཀྱག་ཐེམ་ཡང་མང་དུ་བཏང་འདུག དེས་ན་རྒྱ་གར་གྱིས་ཀྱང་རྒྱ་ནག་ལ་ཁ་གཏད་བཅག་ནས་ལ་དྭགས་དང་མོན་ཡུལ་སོགས་ཧིན་བོད་ས་མཚམས་ཁག་ཏུ་རྨང་གཞིའི་མཐུན་རྐྱེན་འཛུགས་སྐྲུན་བྱ་རྒྱུ་ཤུགས་ཆེ་རུ་གཏོང་དགོས་ཀྱི་འདུག་ཅེས་གནས་ཚུལ་སྤེལ།།

ཕྱི་ཟླ་༡༢་པའི་ཚེས་༡༣་ཉིན་རྒྱ་གར་གྱི་མིན་ཊི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་གཞུང་གིས་ཇམ་མུ་ཀསྨིར་གྱི་མངའ་སྡེ་དང་རང་སྐྱོང་གི་ཐོབ་ཐང་ཕྱིར་བསྡུ་བྱས་པ་དང་མངའ་ཁུལ་དེ་དབུས་ཐད་སྐྱོང་མངའ་ཁུལ་གཉིས་སུ་བསྒྱུར། གཟའ་འཁོར་འདིར་ཆེས་མཐོ་ཁྲིམས་ཁང་ནས་གཞུང་གི་ཐག་གཅོད་དེ་སོར་འཇོག་བྱ་དགོས་ཞེས་ཐག་བཅད། རྒྱ་གར་མི་དམངས་ཀྱིས་གསར་འགྱུར་དེར་དོ་སྣང་ཆེན་པོ་མ་བྱས་ཀྱང་གནས་ཚུལ་དེ་མགོ་རྙོག་ཆེན་པོ་ཞིག་རེད། ལ་དྭགས་ཀྱི་གླེ་དང་མཁར་དཀྱིལ་གཉིས་ཆེས་མཐོའི་ཁྲིམས་ཁང་གི་ཐག་གཅོད་དེར་ལྟ་ཚུལ་མཐུན་གྱི་མི་འདུག གླེའི་འགོ་གཙོ་ཚོགས་པས་ཆེས་མཐོའི་ཁྲིམས་ཁང་གི་ཐག་གཅོད་དེ་ཉིད་ཡང་དག་པོ་ཞིག་རེད། དེ་ནི་རྒྱལ་ཡོངས་གཅིག་གྱུར་ཕྱོགས་སུ་གོམ་གང་མདུན་སྤོ་བྱས་པ་རེད་ཅེས་དགའ་བསུ་ཞུས།།

ལ་དྭགས་ཀྱི་མཁར་དཀྱིལ་དམངས་གཙོ་མནའ་འབྲེལ་ཚོགས་པས་ཆེས་མཐོའི་ཁྲིམས་ཁང་གི་ཐག་གཅོད་དེ་བློ་ཡིད་ཚིམས་པ་ཞིག་མ་བྱུང་། ང་ཚོ་ཆེས་མཐོའི་ཁྲིམས་ཁང་གི་ཐག་གཅོད་དེར་འཐད་པ་མེད། རྒྱ་གར་གཞུང་གིས་ལ་དྭགས་མི་དམངས་ཀྱི་མངོན་འདོད་ལ་དོ་སྣང་བྱེད་ཀྱི་མེད་པ་ཐབས་རྡུགས་རེད། མཁར་དཀྱིལ་བ་ས་ཇ་ཏས་ང་ཚོར་མངའ་སྡེའི་ཐོབ་ཐང་དགོས་ཞེས་ཨེག་སི་དྲྭ་ཚིགས་སུ་འཕྲིན་ཐུང་ཞིག་སྤེལ། ལ་དྭགས་ལ་དབུས་ཐད་སྐྱོང་མངའ་ཁུལ་གྱི་གནས་བབ་ཐོབ་པའི་རྗེས་སུ་གླེའི་ཕྱོགས་ཀྱི་ནང་པའི་དགོན་སྡེ་ཁག་དང་སེར་མོ་བ། མི་སྐྱ་དང་སྤྱི་ཚོགས་ལས་འགུལ་བ་སོགས་ཀྱི་ཚོགས་པ་ཁག་སྟེ། ལ་དྭགས་འགོ་གཙོ་ཚོགས་པ་དང་མཁར་དཀྱིལ་དམངས་གཙོ་མནའ་འབྲེལ་ཚོགས་པ་སྟེ། ཁ་ཆེའི་ཆོས་ལུགས་ཀྱི་མི་སྣ་ཁག་དང་མང་ཚོགས་བཅས་ཀྱིས་ལ་དྭགས་ལ་མངའ་སྡེའི་ཐོབ་ཐང་དགོས་ཞེས་འཐབ་རྩོད་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་ཐོན་འདུག

XS
SM
MD
LG