ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༡༡/༡༦

རྒྱ་གར་གཞུང་གིས་ལ་དྭགས་ཀྱི་ཚོགས་པ་ཁག་གྲོས་མོལ་བྱེད་དུ་མགྲོན་འབོད།


༄༅།། རྒྱ་གར་གྱི་ནང་སྲིད་ལྷན་ཁང་གིས་ལ་དྭགས་ཀྱི་སྲིད་དོན་ཚོགས་པ་ཁག་གི་སྐུ་ཚབ་ཚོ་ལྡི་ལི་གསར་པར་གྲོས་མོལ་བྱེད་དུ་མགྲོན་འབོད་བྱས་ཤིང་། ཕྱི་ཟླ་༡༡་པའི་ཚེས་༢༧་ཉིན་རྒྱ་གར་གྱི་བང་ཆེན་གསར་པ་གསར་འགྱུར་ལས་ཁུངས་ནས་གནས་ཚུལ་སྤེལ་བ་ལྟར་ན། ༢༠༢༣་གྱི་དུས་སྐབས་ཕལ་ཆེ་བར་རྒྱ་གར་གྱི་ནང་སྲིད་ལྷན་ཁང་གིས་ལ་དྭགས་ཀྱི་གླེའི་འགོ་གཙོ་ཚོགས་པ་དང་མཁར་དཀྱིལ་དམངས་གཙོ་མནའ་འབྲེལ་ཚོགས་པ། དེ་བཞིན་ལ་དྭགས་ཀྱི་ཚོང་པའི་མཐུན་ཚོགས་དང་ཆོས་སྡེ་ཁག སྤྱི་ཚོགས་ཀྱི་ཚོགས་སྡེ་ཁག་གི་སྐུ་ཚབ་ཚོར་གྲོས་མོལ་བྱས་ཏེ་ཕྱི་ཟླ་༡༢་པའི་ཚེས་༤་ཉིན་ལྡི་ལི་གསར་པར་གྲོས་མོལ་བྱ་རྒྱུའི་གྲོས་མཐུན་བྱུང་ཡོད་པའི་གནས་ཚུལ་ཐོན་འདུག རྒྱ་གར་གྱི་ནང་སྲིད་ལྷན་ཁང་དང་ལ་དྭགས་ཀྱི་སྲིད་དོན་ཚོགས་པ་ཁག་གི་གྲོས་མོལ་གྱི་ནང་དོན་ཅི་ཡིན་གསལ་པོ་མེད་ཀྱང་གསར་འགོད་པ་ཚོས་ལ་དྭགས་ལ་མངའ་སྡེའི་ཐོབ་ཐང་སྤྲོད་དགོས་མིན་ཐད་གྲོས་མོལ་གཙོ་བོ་བྱ་སྲིད་པའི་ཚོད་དཔག་བྱས་འདུག

མཁར་དཀྱིལ་དམངས་གཙོ་མནའ་འབྲེལ་ཚོགས་པའི་ཚོགས་མི་མཁར་དཀྱིལ་བ་ས་ཇཱ་དཱས་(Sajjad Kargil)་རྒྱ་གར་གྱི་ནང་སྲིད་ལྷན་ཁང་ནས་ལ་དྭགས་ཀྱི་སྲིད་དོན་ཚོགས་པ་ཁག་གི་སྐུ་ཚབ་རྣམས་ལྡི་ལི་གསར་པར་གྲོས་མོལ་བྱེད་དུ་ཤོག་ཟེར་གྱི་འདུག ང་ཚོས་ཟླ་བ་རྗེས་མའི་ཚེས་༤་ཉིན་གྲོས་མོལ་བྱ་རྒྱུ་དང་གྲོས་མོལ་བྱེད་དུ་མགྲོན་འབོད་བྱས་པར་དགའ་ཚོར་བྱུང་། ང་ཚོས་གྲོས་མོལ་ལྷུག་པོ་དང་ལྷག་བསམ་རྣམ་དག་ཅིག་ཡོང་་རྒྱུའི་རེ་ལྟོས་འཆང་ཡོད་ཅེས་སྤྱི་ཚོགས་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ། ལྡི་ལི་གསར་པའི་གྲོས་མོལ་དུས་སུ་ལ་དྭགས་པ་ཚོས་མངའ་སྡེའི་ཐོབ་ཐང་དགོས་པ་དང་རྒྱ་གར་གྱི་རྩ་ཁྲིམས་དོན་ཚན་༦་པའི་ནང་རང་སྐྱོང་གི་ཐོབ་ཐང་བཀོད་ཡོད་པ་རྣམས་ལ་དྭགས་ལའང་སྤྲོད་དགོས། ལ་དྭགས་ཀྱི་ལས་ཀའི་ས་མིག་རྣམས་ས་གནས་རང་གི་ན་གཞོན་ཚོར་ཟུར་འཇོག་བྱ་རྒྱུ། རྒྱ་གར་གྱི་རྒྱལ་ཡོངས་གྲོས་ཚོགས་འོག་མར་གླེ་དང་མཁར་དཀྱིལ་གཉིས་ཀར་གདན་ཐོབ་སྤྲོད་དགོས་ཞེས་དགོས་འདུན་དོན་ཚན་༤་བསྐྱར་དུ་འདོན་རྒྱུ་ཡིན་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་༡༡་པའི་ཚེས་༢༦་ཉིན་རྒྱ་གར་གྱི་བང་ཆེན་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་གར་དབུས་གཞུང་དང་ལ་དྭགས་ཀྱི་སྲིད་དོན་ཚོགས་པ་ཁག་གིས་ཟླ་བ་མང་པོར་གྲོས་མོལ་བྱས་པའི་རྗེས་སུ་གླེའི་འགོ་གཙོ་ཚོགས་པ་དང་མཁར་དཀྱིལ་དམངས་གཙོ་མནའ་འབྲེལ་ཚོགས་པ་གཉིས་ཀྱིས་རང་རང་གི་སྐུ་ཚབ་གཏོང་རྒྱུའི་ཐག་བཅད། ༢༠༡༩་ལོའི་ཕྱི་ཟླ་༨་ནང་སྲིད་བློན་མོ་དྷིའི་གཞུང་གིས་ཇམ་མུ་ཀསྨིར་མངའ་སྡེའི་ཐོབ་ཐང་ཕྱིར་བསྡུ་བྱས་ནས་ཇམ་མུ་ཀསྨིར་དབུས་ཐད་སྐྱོང་མངའ་ཁུལ་དང་ལ་དྭགས་དབུས་ཐད་སྐྱོང་མངའ་ཁུལ་བཅས་རྒྱ་གར་དབུས་གཞུང་གིས་ཐད་ཀར་འཛིན་སྐྱོང་བྱེད་པའི་ས་ཁུལ་གཉིས་སུ་བསྒྱུར། ཐོག་མར་ལ་དྭགས་ཀྱི་ནང་པ་ཚོས་དབུས་ཐད་སྐྱོང་མངའ་ཁུལ་དུ་བསྒྱུར་བར་དགའ་བསུ་ཞུས་ཀྱང་རིམ་གྱིས་ལ་དྭགས་ལ་མངའ་སྡེའི་ཐོབ་ཐང་དགོས། རྒྱ་གར་གྱི་ཚོ་ཤོག་ཁག་ལ་རང་སྐྱོང་གི་ཐོབ་ཐང་ཡོད་པ་ལྟར་ལ་དྭགས་ལའང་རང་སྐྱོང་གི་ཐོབ་ཐང་སྤྲོད་དགོས་ཞེས་ལས་འགུལ་སྤེལ་རྒྱུ་མགོ་བརྩམས།།

རྒྱ་གར་དབུས་གཞུང་དང་ལ་དྭགས་ཀྱི་གྲོས་མོལ་ལ་འབྲེལ་བ་ཡོད་པའི་མི་ཞིག་གིས་བང་ཆེན་ཚགས་པར་གྱི་གསར་འགོད་པར་རྒྱ་གར་དབུས་གཞུང་གིས་རྩ་ཁྲིམས་དོན་ཚན་༦་པའི་ནང་དུ་འཁོད་པའི་རང་སྐྱོང་གི་ཐོབ་ཐང་རྣམས་ལ་དྭགས་ལ་མ་སྤྲད་ཚེ། ལ་དྭགས་པ་ཚོས་གཏན་ནས་ཉན་ས་མ་རེད་ཅེས་ནང་མོལ་བྱས་འདུག ༢༠༢༣་ལོའི་ཕྱི་ཟླ་དང་པོའི་ཚེས་༢་ཉིན་རྒྱ་གར་གཞུང་གིས་ལ་དྭགས་ཀྱི་ས་ཁམས་ཆགས་ཡུལ་ནི་དམག་དོན་ལ་གནད་འགག་ཤིན་ཏུ་ཆེ། ནང་སྲིད་ལྷན་ཁང་གིས་དབང་ཚད་ཆ་ཚང་ཡོད་པའི་ཚོགས་ཆུང་ཞིག་བཙུགས་ནས་ལ་དྭགས་ཀྱི་ས་ཆའི་ཐོབ་ཐང་དང་ལས་ཀའི་གོ་སྐབས་སྲུང་སྐྱོབ་སོགས་ལ་གྲོས་མོལ་བྱ་དགོས་ཞེས་ལས་འགན་སྤྲད། ལ་དྭགས་ཀྱི་སྲིད་དོན་ཚོགས་པ་ཁག་གིས་དབུས་གཞུང་གི་གྲོས་གཞི་ཁག་དང་ལ་དྭགས་པ་ཚོས་བཏོན་པའི་དགོས་འདུན་གཉིས་མཐུན་གྱི་མི་འདུག་ཅེས་ནང་སྲིད་ལྷན་ཁང་གི་ཚོགས་ཆུང་དེའི་སྐུ་ཚབ་ཚོར་ཐུག་འཕྲད་མ་བྱས་པར་ངོ་རྒོལ་ལས་འགུལ་རྒྱུན་བསྐྱངས།།

ད་ལོའི་ཕྱི་ཟླ་༦་པའི་ནང་གླེའི་འགོ་གཙོ་ཚོགས་པ་དང་མཁར་དཀྱིལ་དམངས་གཙོ་མནའ་འབྲེལ་ཚོགས་པས་འཐུས་མི་༣་རེ་བསྐོ་བཞག་བྱས་ནས་རྒྱ་གར་གྱི་ནང་སྲིད་བློན་ཆེན་དང་ཐུག་འཕྲད་གྲོས་མོལ་བྱུང་། སྲིད་བློན་མོ་དྷིའི་གཞུང་འཛིན་ཚོགས་པས་ལ་དྭགས་ལ་མངའ་སྡེའི་ཐོབ་ཐང་སྤྲོད་ཀྱི་མེད་པར་མང་ཚོགས་ཁོང་བརྟས། ཉེ་ཆར་མཁར་དཀྱིལ་དུ་ས་གནས་སུ་འོས་བསྡུ་བྱས་པའི་སྐབས་སུ་ཕྱོགས་འགལ་ཀོང་རེ་སི་ཚོགས་པར་འོས་འདེམས་ཀྱི་རྒྱལ་ཁ་ཐོབ། ཕྱི་ཟླ་༡༢་པའི་ཚེས་༤་ཉིན་གྱི་གྲོས་མོལ་ལ་འཐུས་མི་༧་ཕེབས་ཀྱི་ཡོད་པ་དེ་དག་གི་གྲས་སུ་ཀོང་རེ་སི་ཚོགས་པའི་འགོ་ཁྲིད་ཨ་ས་གྷར་ཨ་ལི་ཁར་བྷ་ལེ་(Asgar Ali Kharbalai)་དང་རྒྱལ་ཡོངས་ལྷན་ཚོགས་པའི་འགོ་ཁྲིད་ཀ་མར་ཨ་ལི་ཨ་ཁུན་སོགས་ཕེབས་ཀྱི་ཡོད་པར་མ་ཟད། ཁོ་ཚོས་སྔོན་ཆད་བཏོན་པའི་གྲོས་གཞི་དོན་ཚན་༤་བསྐྱར་དུ་འདོན་འཆར་ཡོད། ཟླ་བ་རྗེས་མའི་ཚེས་༤་ཉིན་ལ་དྭགས་མི་དམངས་ཀྱི་མངོན་འདོད་སླར་ཡང་གསལ་སྟོན་བྱ་རྒྱུ་ཡིན་ཞེས་གསལ་བསྒྲགས་སྤེལ་བའི་གནས་ཚུལ་ཐོན་འདུག

འདས་པའི་ལོ་གཅིག་ཡས་མས་ཤིག་གི་རིང་དུ་ལ་དྭགས་པ་ཚོས་མངའ་སྡེའི་ཐོབ་ཐང་བརྩད་ནས་ངོ་རྒོལ་ལས་འགུལ་སྤེལ། ལོ་འདིའི་ཕྱི་ཟླ་༢་པའི་ཚེས་༡༤་ཉིན་ཕྱི་འབྲེལ་དུས་དེབ་ལ་གནས་ཚུལ་ཐོན་པ་ལྟར་ན། ལ་དྭགས་པ་ཚོ་རེ་བ་སྟོང་ཟད་དུ་གྱུར་ནས་ངོ་རྒོལ་གྱི་ལམ་དུ་མ་ཞུགས་ཐབས་མེད་དུ་གྱུར། གླེའི་ཚོང་པ་ཞིག་གིས་ང་ཚོར་རྒྱ་གར་གཞུང་གིས་དབུས་ཐད་སྐྱོང་མངའ་ཁུལ་གྱི་གནས་བབ་སྤྲད་ནས་མགོ་སྐོར་བཏང་འདུག ང་ཚོས་རེ་ལྟོས་བཅངས་པ་ལས་རྦད་དེ་ལྡོག་ཕྱོགས་ཀྱི་མཇུག་འབྲས་ཤིག་སྨིན་སོང་། ང་ཚོའི་འཐུས་མིའི་གདན་ཐོབ་རྣམས་མེད་པར་གྱུར་ཏེ་ལ་དྭགས་པ་ཚོར་རང་གི་བདེ་སྡུག་ཞུ་ས་མི་འདུག་ཅེས་སྡུག་སྐད་བརྒྱབ། ཨ་ས་གྷར་ཨ་ལི་ཞེས་པའི་གཙུག་ལག་རབ་འབྱམས་པའི་སློབ་ཕྲུག་ཅིག་གིས་ལ་དྭགས་པ་ཚོས་ཅང་མ་འགོར་པར་འཛུགས་སྐྲུན་དང་ལས་ཀའི་གོ་ཐབས་ཁས་ལེན་བྱས་པ་རྣམས་འཐོབ་རྒྱུ་མིན་པ་ངོས་ཟིན་པ་རེད་ཅེས་གསར་འགོད་པར་གླེང་མོལ་བྱས་འདུག

གླེའི་འགོ་གཙོ་ཚོགས་པའི་ཟུང་འབྲེལ་ཚོགས་གཙོ་ཇོ་ར་ངག་དབང་རིག་འཛིན་(Ngawang Rigzin Jora)་གྱིས་ཀྱང་ལ་དྭགས་རྒྱ་གར་དབུས་གཞུང་གིས་ཐད་ཀར་འཛིན་སྐྱོང་བྱེད་པའི་མངའ་ཁུལ་ཞིག་ཏུ་བསྒྱུར་ནས་ཐོབ་ཐང་ཚང་མ་ཤོར་སོང་ཟེར། ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ལ་དབང་ཆ་གང་འཚམ་ཞིག་ཡོད་པའང་བརླགས། ལ་དྭགས་ཀྱི་ནང་པ་ཚོས་མངའ་ཁུལ་དེ་དབུས་ཐད་སྐྱོང་མངའ་ཁུལ་གྱི་གནས་བབ་ཐོག་ཏུ་འདུག་དགོས་ཀྱང་ས་གནས་དེའི་མི་དམངས་ལ་རང་གི་ཁྲིམས་བཟོ་ལྷན་ཚོགས་ཟུར་དུ་བཙུགས་ནས་འཛིན་སྐྱོང་བྱེད་དུ་འཇུག་དགོས་ཞེས་དགོས་འདོན་བཏོན། རྒྱ་གར་གྱི་ཨ་སམ་དང་མེ་གྷ་ལ་ཡ། ཊི་རི་པུ་ར་དང་མཱི་ཛོ་རམ་བཅས་མངའ་སྡེ་བཞིའི་ཡུལ་མི་རྣམས་ཚོ་ཤོག་ཡིན་ཞིང་། གོང་འཁོད་མངའ་སྡེ་ཁག་ལ་རྒྱ་གར་གཞུང་གིས་རང་སྐྱོང་གི་ཐོབ་ཐང་སྤྲད། ལ་དྭགས་ཀྱི་ཡུལ་མི་བརྒྱ་ཆ་༩༧་ཚོ་ཤོག་གི་རིགས་སུ་གཏོགས་པས་རྩ་ཁྲིམས་དོན་ཚན་༦་པའི་འབྲུ་དོན་ལྟར་ལ་དྭགས་ལ་རང་སྐྱོང་གི་ཐོབ་ཐང་སྤྲོད་དགོས་ཞེས་དགོས་འདུན་བཏོན།།

ན་ནིང་ཕྱི་ཟླ་དང་པོའི་ནང་དུ་ལ་དྭགས་ཀྱི་ཚན་རིག་པ་དང་ཤེས་ཡོན་སློབ་གསོ་བ་གྲགས་ཅན་བསོད་ནམས་དབང་ཕྱུག་གིས་ལ་དྭགས་མི་དམངས་ཀྱི་ཐོབ་ཐང་རྩོད་པའི་ལས་འགུལ་ལ་རྒྱབ་སྐྱོར་བྱས་ནས་ཟད་བཅད་ངོ་རྒོལ་བྱས། ཁོང་གིས་དབུགས་ཧད་བཞིན་ངས་བློ་ཕམ་གྱི་སྒོ་ནས་བཤད་དགོས་པ་ཞིག་ལ་ང་ཚོ་དབུས་ཐད་སྐྱོང་མངའ་ཁུལ་གྱི་གནས་བབ་ཐོག་ཏུ་སྡོད་པ་ལས་ཀསྨིར་མངའ་སྡེའི་མངའ་ཁོངས་སུ་བསྡད་ཡོད་ན་ཡག་ག་བྱུང་ཡོད་ཤས་ཆེ། ལོ་གསུམ་གྱི་རིང་དུ་ལས་ཀ་གསར་པའི་གོ་སྐབས་མ་ཐོབ། རྒྱ་གར་གཞུང་གིས་མི་གྲངས་༡༢༠༠༠་ལྷག་ལ་ལས་ཀ་གསར་པ་བཀོད་སྒྲིག་བྱ་རྒྱུའི་ཁས་ལེན་བྱས་ཀྱང་མི་༤༠༠་ཡས་མས་ཤིག་ལ་མ་གཏོགས་ལས་ཀ་བཀོད་སྒྲིག་བྱས་མི་འདུག ལ་དྭགས་ཀྱི་ན་གཞོན་ཤེས་ཡོན་ཅན་མང་ཆེ་བ་ལས་མེད་རེད་ཅེས་བཤད་པའི་སྐད་ཆ་དེ་བརྙན་འཕྲིན་བླངས་ནས་དྲྭ་ལམ་དུ་བཀྲམ། དབུས་ཐད་སྐྱོང་མངའ་ཁུལ་གྱི་གནས་བབ་འོག་ཏུ་ལ་དྭགས་ཀྱི་ས་ཆ་དང་ཁོར་ཡུག སྐད་ཡིག་དང་རིག་གཞུང་། ས་གནས་དེའི་མི་དམངས་ལ་ཐུན་མོང་མ་ཡིན་པའི་ངོ་བོ་ཞིག་ཡོད་པ་རྣམས་སྲུང་སྐྱོབ་བྱེད་ཐུབ་ཀྱི་མེད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG