ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༡༡/༡༦

ལྡི་ལི་གསར་པས་ལ་དྭགས་ལ་མངའ་སྡེའི་ཐོབ་ཐང་སྤྲོད་རྒྱུའི་རྟགས་མཚན་བྲལ།


༠༥།༡༢།༢༠༢༣

༄༅།། རྒྱ་གར་གྱི་ནང་སྲིད་ལྷན་ཁང་གི་ལས་སྣེ་ཚོ་དང་ལ་དྭགས་ཀྱི་སྐུ་ཚབ་ཚོ་ཐུག་འཕྲད་ཀྱིས་ས་གནས་དེར་མངའ་སྡེའི་ཐོབ་ཐང་སྤྲོད་དགོས་མིན་ཐད་གྲོས་མོལ་བྱས་ཀྱང་འགག་སྒྲོལ་ཆེན་པོ་ཞིག་བྱུང་མེད་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༡༢་པའི་ཚེས་༥་ཉིན་རྒྱ་གར་གྱི་བང་ཆེན་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་གར་གྱི་ནང་སྲིད་ལྷན་ཁང་གི་མངའ་སྡེ་ཁག་གི་བློན་ཆེན་ཎི་ཏི་ཡ་ནན་ད་ར་ཡེ་(Nityanand Rai)་དང་གླེའི་འགོ་གཙོ་ཚོགས་པ། མཁར་དཀྱིལ དམངས་གཙོ་མནའ་འབྲེལ་ཚོགས་པའི་འགོ་ཁྲིད་ཚོས་དུས་ཡུན་ཆུ་ཚོད་གཅིག་དང་ཕྱེད་ཀའི་རིང་ཐུག་འཕྲད་གྲོས་མོལ་བྱས་ཤིང་། ལ་དྭགས་ཀྱི་སྐུ་ཚབ་ཚོས་ས་གནས་དེར་མངའ་སྡེའི་ཐོབ་ཐང་དགོས། རྩ་ཁྲིམས་དོན་ཚན་༦་པའི་ཐོབ་ཐང་རྣམས་ལ་དྭགས་ལའང་སྤྲོད་དགོས། ལས་ཀའི་ས་མིག་རྣམས་ལ་དྭགས་པ་ཚོར་ཟུར་འཇོག་བྱ་རྒྱུ། གླེ་དང་མཁར་དཀྱིལ་གཉིས་ལ་རྒྱལ་ཡོངས་གྲོས་ཚོགས་སུ་གདན་ཐོབ་ལོགས་སུ་སྤྲོད་དགོས་ཞེས་གྲོས་གཞི་བཏོན་ཚན་བཞི་བསྐྱར་དུ་བཏོན།།

ལ་དྭགས་ནང་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཚེ་རིང་རྡོ་རྗེས་(Chherring Dorje)་རྒྱ་གར་གྱི་བང་ཆེན་ཚགས་པར་གྱི་གསར་འགོད་པར་ང་ཚོས་ནང་སྲིད་ལྷན་ཁང་གི་འབྲེལ་ཡོད་ལས་སྣེ་ཚོར་ལ་དྭགས་པ་ཚོས་བཏོན་པའི་གྲོས་གཞི་དོན་ཚན་༤་ནར་འགྱངས་མེད་པར་མྱུར་དུ་ལག་ལེན་བསྟར་དགོས་པའི་ནན་སྐུལ་བྱས་པ་ཡིན། ང་ཚོར་དཀའ་རྙོག་འདི་བྱུང་ནས་ལོ་༤་ཕྱིན་པ་རེད། ནང་སྲིད་ལྷན་ཁང་གིས་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་དབང་ཚད་ཆེ་རུ་གཏོང་རྒྱུ་ཡིན་ཟེར། ཡིན་ནའང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་དབང་ཚད་ཆེན་པོ་ཞིག་མེད་པར་བཏང་བ་རེད། ང་ཚོར་དབང་ཚད་དེ་རྣམས་ཕྱིར་སྤྲོད་བྱས་པ་ཙམ་གྱིས་མི་འགྲིག ང་ཚོར་ལ་དྭགས་ཀྱི་ས་ཆ་སྲུང་སྐྱོབ་དང་དངུལ་རྩིས་གཏན་འབེབས། ལས་ཀའི་གོ་སྐབས་བསྐྲུན་ཆོག་པའི་དབང་ཚད་རྣམས་དགོས་ཀྱི་འདུག་ཟེར།།

ལ་དྭགས་ཀྱི་སྐུ་ཚབ་ཚོས་ནང་སྲིད་ལྷན་ཁང་ལ་སྔོན་ཆད་ཇམ་མུ་ཀསྨིར་མངའ་སྡེའི་གཞུང་གིས་ལ་དྭགས་ཀྱི་ཡུལ་མི་ཚོར་ཐོབ་ཐང་ལག་འཁྱེར་ཞིག་བཀྲམ་པ་དེ་འདྲ་ཞིག་བསྐྱར་དུ་འགྲེམ་དགོས། ལ་དྭགས་ལ་སྤྱི་དམངས་སྲི་ཞུ་ལྷན་ཁང་གསར་དུ་འཛུགས་དགོས། ཇམ་མུ་ཀསྨིར་དང་ལ་དྭགས་གཉིས་ལོགས་སུ་དབྱེ་བའི་རྗེས་སུ་ལ་དྭགས་པ་ཚོར་ཇམ་མུ་ཀསྨིར་ནང་དུ་ལས་ཀ་འཚོལ་ཆོག་པའི་ཐོབ་ཐང་མེད་པར་གྱུར་མོད། འོན་ཀྱང་ཇམ་མུ་ཀསྨིར་དང་ལ་དྭགས་བཅས་ཀྱི་མཐོ་རིམ་ཁྲིམས་ཁང་ནི་གཅིག་པ་རེད་ཅེས་བསྟན། རྒྱ་གར་གྱི་ནང་སྲིད་ལྷན་ཁང་གིས་ལ་དྭགས་པ་ཚོས་མངའ་ཁུལ་དེའི་ཕྱི་ནང་གཉིས་སུ་ངོ་རྒོལ་ལས་འགུལ་སྤེལ་རྒྱུ་མཚམས་འཇོག་བྱ་དགོས་ཞེས་ནན་གྱིས་བསྐུལ། ༢༠༡༩་ལོའི་ཕྱི་ཟླ་༨་པའི་ནང་རྒྱ་གར་གཞུང་གིས་ཇམ་མུ་ཀསྨིར་གྱི་མངའ་སྡེའི་ཐོབ་ཐང་ཕྱིར་བསྡུ་བྱས་པའི་རྗེས་སུ་ལ་དྭགས་ལ་སྤྱི་དམངས་སྲི་ཞུ་ལྷན་ཁང་མེད་པར་གྱུར།།

ལ་དྭགས་ཀྱི་གྲོས་ཚོགས་འཐུས་མི་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་ནས་ལ་དྭགས་ཀྱི་ཆགས་ཡུལ་ནི་དམག་དོན་ལ་གནད་འགག་ཆེ། རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་དབང་ཚད་ཆེ་རུ་བཏང་བའི་ཞོར་དུ་རྒྱ་གར་གྱི་རྩ་ཁྲིམས་སུ་འཁོད་པའི་ཐོབ་ཐང་ཁག་ཀྱང་ལ་དྭགས་ལ་འཐོབ་ཐུབ་པའི་འབད་བརྩོན་བྱེད་ཀྱི་ཡོད། རྒྱ་གར་གཞུང་གིས་རྩ་ཁྲིམས་ཀྱི་དགོངས་དོན་ལྟར་ལ་དྭགས་པ་ཚོར་ས་ཆ་སྲུང་སྐྱོབ་དང་ལས་ཀའ་གོ་སྐབས་ཟུར་འཇོག ཚོང་ལས་གཉེར་ཆོག་པ་དང་ཁོར་ཡུག་སྲུང་སྐྱོབ། ལ་དྭགས་པའི་རིག་གཞུང་དང་ངོ་བོ། བྷོ་ཊའི་སྐད་ཡིག་རྣམས་གཅེས་འཛིན་བྱེད་ཐུབ་པ་ཞིག་ཏུ་བསྒྱུར་དགོས། ངས་སྲིད་བློན་མོ་དྷིར་རྩ་ཁྲིམས་ཀྱི་དོན་ཚན་དྲུག་པའི་ནང་དུ་ཚོ་ཤོག་ཁག་ལ་སྤྲད་ཡོད་པའི་ཐོབ་ཐང་རྣམས་ལ་དྭགས་ལའང་ངེས་པར་དུ་སྤྲོད་དགོས་པའི་འབོད་སྐུལ་ཞུས་པ་ཡིན་ཞེས་སྨྲས།།

ཕྱི་ཟླ་༡༢་པའི་ཚེས་༥་ཉིན་ཀསྨིར་གྱི་འཚོ་བ་ཞེས་པའི་དྲྭ་ལམ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་གཞུང་གིས་ལ་དྭགས་པའི་སྐུ་ཚབ་ཚོར་རྩ་ཁྲིམས་ཀྱི་དོན་ཚན་༦་པའི་ཐོབ་ཐང་ཁག་མ་ཡིན་པར་ས་ཆ་དང་རིག་གཞུང་། ངོ་བོ་སོགས་སྲུང་སྐྱོབ་བྱེད་ཐུབ་པའི་ཐབས་ལམ་ཞིག་འཚོལ་དགོས་ཞེས་གདམས། གླེའི་འགོ་གཙོ་ཚོགས་པ་དང་མཁར་དཀྱིལ་དམངས་གཙོ་མནའ་འབྲེལ་ཚོགས་པའི་སྐུ་ཚབ་ཚོས་ལ་དྭགས་ལ་མངའ་སྡེའི་ཐོབ་ཐང་དགོས། རྩ་ཁྲིམས་དོན་ཚན་༦་པའི་ཐོབ་ཐང་རྣམས་ལ་དྭགས་ལའང་སྤྲོད་དགོས་ཞེས་ལངས་ཕྱོགས་མཁྲེགས་པོ་བཟུང་ཡོད་ཅིང་། གླེའི་འགོ་གཙོ་ཚོགས་པའི་སྐུ་ཚབ་ཚོའི་ཚོགས་གཙོ་ཐུབ་བསྟན་ཚེ་དབང་(Thupstan Chhewang)་དང་མཁར་དཀྱིལ་དམངས་གཙོ་མནའ་འབྲེལ་ཚོགས་པའི་སྐུ་ཚབ་ཚོགས་པའི་ཚོགས་གཙོ་ཨ་ས་གྷར་ཨ་ལི་ཁར་བྷ་ལེ་(Asgar Ali Karbalaie)་གཉིས་ཀྱིས་སླར་ཡང་གྲོས་གཞི་དོན་ཚན་བཞི་ནང་སྲིད་ལྷན་ཁང་ལ་ཕུལ་ཡོད་པའི་གནས་ཚུལ་ཐོན་འདུག

རྒྱ་གར་གཞུང་གིས་ལ་དྭགས་ཀྱི་ས་ཆ་སྲུང་སྐྱོབ་དང་ངོ་བོ་གཅེས་འཛིན། ལས་ཀའི་གོ་སྐབས་ལ་གྲོས་མོལ་བྱ་རྒྱུའི་འདུན་པ་བསྟན་ཡང་ལ་དྭགས་ལ་མངའ་སྡེའི་ཐོབ་ཐང་སྤྲོད་རྒྱུའི་རྣམ་འགྱུར་མ་ཐོན། ནང་སྲིད་ལྷན་ཁང་གི་ལས་སྣེ་ཚོས་༢༠༡༩་ལོར་ལ་དྭགས་དབུས་གཞུང་གིས་ཐད་ཀར་འཛིན་སྐྱོང་བྱེད་པའི་ས་གནས་ཤིག་ཏུ་གྱུར་པའི་རྗེས་སུ་ཕྱོགས་གང་ཐད་དུ་ཡར་རྒྱས་ཕྱིན་ཡོད་ཅེས་བཤད། ལ་དྭགས་པ་ཚོས་རྒྱ་གར་གྱི་མེ་གྷ་ལ་ཡ་དང་ཊྲི་པུ་ར། མི་ཛོ་རམ་དང་ཨ་སམ་བཅས་ལ་རྩ་ཁྲིམས་དོན་ཚན་དྲུག་པའི་ཐོབ་ཐང་སྤྲད་འདུག ལ་དྭགས་ཀྱི་ཡུལ་མི་རྣམས་༩༠་ལྷག་ཚོ་ཤོག་ཡིན་པས་རྩ་ཁྲིམས་དོན་ཚན་༦་པའི་ཐོབ་ཐང་རྣམས་འཐོབ་དགོས་ངེས་ཡིན་ཞེས་རྩོད་པ་འཕངས། རྒྱ་གར་ནང་སྲིད་ལྷན་ཁང་གི་གསར་འགོད་གསལ་བསྒྲགས་ནང་དུ་ལ་དྭགས་པ་ཚོས་དགོས་འདུན་ཅི་ཞིག་བཏོན་ཡོད་པ་རྣམས་གསལ་བཀྲོལ་མ་བྱས་པར་ཐོབ་ཐང་ཁག་ཅིག་རྩོད་ཀྱི་འདུག་ཅེས་གནད་འགག་ཆུང་དུ་བཏང་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG