ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༠༩/༠༨

འགོ་ལོག་ཁུལ་གྱི་རྫོང་ཁག་ཚང་མའི་ནང་ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག་ཟེར་བའི་སློབ་གསོ་སྤེལ་བཞིན་པ།


འགོ་ལོག་ཁུལ་གྱི་རྫོང་ཁག་ཚང་མའི་ནང་ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག་ཟེར་བའི་སློབ་གསོ་སྤེལ་བཞིན་པ།
འགོ་ལོག་ཁུལ་གྱི་རྫོང་ཁག་ཚང་མའི་ནང་ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག་ཟེར་བའི་སློབ་གསོ་སྤེལ་བཞིན་པ།

རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་འགོ་ལོག་ནང་དམར་ཤོག་ཚོགས་པའི་སྒྲིག་ཁྲིམས་སྤེལ་དགོས་པའི་དྲིལ་བསྒྲགས་ཀྱི་ལས་འགུལ་ཤུགས་ཆེར་སྤེལ་གྱི་ཡོད་པའི་གནས་ཚུལ་ཐོན་འདུག དེ་ཡང་རྒྱ་ནག་གཞུང་གིས་བོད་ནང་སྲིད་ཇུས་རབ་དང་རིམ་པ་་ལག་བསྟར་གྱིས་བོད་ནང་གི་བོད་མི་ཚོར་སུན་གཙེར་བཟོ་བཞིན་ཡོད་པ་དང་། ཉེ་ཆར་བོད་ནང་གི་འགོ་ལོག་ཕྱོགས་སུ་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག་ཟེར་བ་ཞིག་དྲིལ་སྒྲག་ཤུགས་ཆེར་བྱེད་ཀྱི་འདུག་ཅེས་འགྲེལ་བརྗོད་བྱས་འདུག

མིང་དངོས་སུ་བརྗོད་འདོད་མེད་པའི་གནས་ཚུལ་མཁོ་སྤྲོད་པ་གཅིག་གིས་འདི་ག་རླུང་འཕྲིན་ཁང་ལ་བརྗོད་དོན་ལ། ཁ་སང་དེ་རིང་འདིར་འགོ་ལོག་ཁུལ་གྱི་མངའ་ཁོངས་ཀྱི་གཅིག་སྒྲིག་དང་པདྨ་། དགའ་བདེ་རྫོང་སོགས་སུ་ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག་ཟེར་བ་ཞིག་དྲིལ་བསྒྲགས་ཤུགས་ཆེར་བྱེད་བཞིན་པའི་སྒང་རེད་འདུག་པ་དང་། ཁྲིམས་ཡིག་དེ་དྲིལ་བསྒྲགས་བྱེད་ས་གཙོ་བོ་དགོན་པའི་བླ་སྤྲུལ་དང་སྡེ་བའི་སྡེ་དབོན་ལ་དམིགས་སུ་བཀར་ནས་རྒྱུན་ལྡན་རང་གི་སློབ་མ་དང་ཁྱབ་ཁོངས་མང་ཚོགས་བཅས་ལ་སྐད་ཆ་བཤད་པའི་སྐབས་སུ་ངེས་བར་དུ་ཀྲུང་གོ་གུང་ཁྲན་ཏང་གཙིགས་སུ་བཟུང་ནས་ཏང་ལ་ཡིད་ཆེས་བློ་གཏད་དང་། ཏང་གི་སྒྲིག་ཁྲིམས་ལ་བརྩི་སྲུང་བྱེད་དགོས་བ་སོགས་ཀྱི་སློབ་གསོ་ངེས་བར་དུ་རྒྱག་དགོས་བའི་དྲིལ་བསྒྲགས་བྱེད་ཀྱི་འདུག་ཅེས་འགྲེལ་བརྗོད་བྱེད་ཀྱི་འདུག

གནས་ཚུལ་ངོ་སྤྲོད་པས་མུ་མཐུད་བརྗོད་དོན་ལ་དྲིལ་བསྒྲགས་ནང་རྒྱལ་ཁབ་ཀྱི་མི་སྣ་སླེབས་ནས་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག་ལྟར་སེར་སྐྱ་མང་ཚོགས་སུ་འདྲ་ཞིག་ཡིན་ནའང་ངེས་བར་དུ་བརྩི་སྲུང་དགོས་བ་དང་། མང་ཚོགས་ནང་སྲིད་གཞུང་གི་ལས་བྱེད་ཡིན་པ་ཚོའི་ངོས་ནས་ད་ནས་རྨོང་དད་ཀྱི་བྱེད་སྒོ་རིགས་ལ་མཉམ་ཞུགས་དང་མཐུན་འགྱུར་རོགས་རམ་སོགས་བྱེད་མི་ཆོག་ཅེས་གསལ་འདུག་ཅིང་། རྨོང་དད་ཀྱི་བྱེད་སྒོ་ཟེར་བ་ནི་ཆོས་ལུགས་ཀྱི་བྱེད་སྒོ་ཁག་ཟེར་གྱི་ཡོད། གལ་ཏེ་བོད་རིགས་རྒྱ་གཞུང་གི་ལས་བྱེད་ཡིན་མཁན་ཚོ་ཆོས་ལུགས་ཀྱི་བྱེད་སྒོར་དངོས་ཤུགས་བརྒྱུད་གསུམ་ནས་མཉམ་ཞུགས་བྱས་བ་མཐོང་ཐོས་བྱུང་ཚེ། དེ་མ་ཐག་གུང་ཁྲན་ཏང་ཡོན་གྱི་གྲས་ནས་ཕྱིར་འབུད་བྱེད་རྒྱུ་མ་ཟད། རང་གི་ལས་ཀ་ཡང་ཤོར་རྒྱུ་དང་ཉེས་ཆད་ལྕི་བོ་འགེལ་རྒྱུ་ཡིན་ཞེས་དྲིལ་བསྒྲགས་བྱས་འདུག་ཅེས་དང་།

ཡང་མུ་མཐུད་བརྗོད་དོན་སྒྲིག་ཁྲིམས་ཆད་གཅོད་ཡི་གེ་དེ་ཁྱབ་སྒྲགས་ཤུགས་ཆེར་འགྲོ་རྒྱུར་དགོན་སྡེ་ཁག་དང་ཞིང་གྲོང་གི་རོང་འབྲོག་མང་ཚོགས་ནང་ཆུང་སྐད་གྲགས་ཡོད་མཁན་དང་མི་མང་གི་གུས་བཀུར་བྱེད་ཡུལ་མི་ཆེན་དབོན་ཆེན་གྱི་རིགས་ལ་རྒྱལ་ཁབ་ཀྱི་རོགས་སྐྱོར་ཡིན་ཚུལ་ཁ་གཡར་ནས་དངུལ་དང་རིན་མེད་རླུང་འཁོར་འདྲ་མིན་སྤྲད་དེ་དྲིལ་བསྒྲགས་བྱེད་འཇུག་གི་འདུག མི་མང་གི་སེམས་ཀུང་ཁྲན་ཏང་གི་ཕྱོགས་སུ་འགུག་ཅི་ཐུབ་བྱེད་ཀྱིན་འདུག ཉིན་དེ་གར་ཚ་ཚ་འུར་འུར་ངང་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག་དྲིལ་བསྒྲགས་བྱེད་བཞིན་པའི་སྒང་རེད་འདུག་ཅེས་བརྗོད་ཀྱི་འདུག

དེ་ལྟར་ནའང་འདས་བའི་གནས་ཚུལ་ནང་བོད་ཀྱི་རྒྱལ་ས་ལྷ་སར་ཡོད་པའི་བོད་རིགས་རྒྱ་གཞུང་ལས་བྱེད་ཚོར་གཙུག་ལག་ཁང་དང་པོ་ཏ་ལ་སོགས་སུ་ཕྱག་དང་སྐོར་བ་སོགས་བྱེད་མི་ཆོག་པའི་ཁྲིམས་བཟོས་ཡོད་པ་མ་ཟད། ལྟ་སྲུང་དང་ཞིབ་གཤེར་ཀྱང་བྱས་ཡོད། དེ་བཞིན་བོད་ཀྱི་ས་ཁུལ་མདོ་སྨད་དང་ཁམས་ཕྱོགས་སུ་བོད་རིགས་རྒྱ་གཞུང་ལས་བྱེད་ཚོའི་ངོས་ནས་ལག་ཏུ་ཕྲེང་བ་དང་སྐེ་ལ་སྲུང་མདུད་བཏགས་མི་ཆོག་པར་བཀག་སྡོམ་ཡང་བྱས་ཡོད།

བོད་ནས་གནས་ཚུལ་བྱུང་ཁུངས་ཀྱིས་ངོ་སྤྲོད་བྱས་པ་ལས་བཏུས།

གསར་འགོད་པ། ཀུན་བཟང་བསྟན་འཛིན།

གླེང་སྟེགས།

XS
SM
MD
LG