ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༡༢/༢༢

རྣམ་གླིང་རྫོང་དུ་བོད་པ་ཚོ་བཙན་གྱིས་གནས་སྤོར་བྱེད་དུ་འཇུག་གི་ཡོད་པ།


༄༅།། ད་ལོ་རྒྱ་ནག་གཞུང་གིས་བོད་ཀྱི་གཞིས་ཀ་རྩེ་ས་ཁུལ། རྣམ་གླིང་རྫོང་དུ་ཁང་པ་མང་པོ་ཞིག་གསར་དུ་འཛུགས་སྐྲུན་བྱས་ནས་མང་ཚོགས་གནས་སྤོར་བྱེད་དུ་འཇུག་བཞིན་ཡོད་ཀྱང་བོད་པ་མང་པོ་ཞིག་དེ་ལ་འདོད་པ་མེད་པའི་རྣམ་འགྱུར་སྟོན་གྱི་ཡོད་པའི་གནས་ཚུལ་ཐོན་འདུག དེ་ཡང་མིང་བརྗོད་འདོད་མེད་པའི་བོད་པ་ཞིག་གིས་འདི་གའི་གསར་འགོད་པར་བརྗོད་དོན་ལྟར་ན། རྒྱ་ནག་གཞུང་གིས་གཞིས་རྩེ་རྣམ་གླིང་རྫོང་གི་མངའ་ཁོངས་ཀྱི་ས་ཆ་ཞིག་ཏུ་མང་ཚོགས་ལ་ཁང་པ་༥༠༠་ལྷག་གསར་དུ་འཛུགས་སྐྲུན་བྱས་ནས་ཨར་འདམ་གྱི་ལས་ཀ་ཅུང་ཙམ་མ་གཏོགས་ལས་ཀ་གཞན་རྣམས་ཕལ་ཆེ་བ་ལེགས་གྲུབ་བྱུང་འདུག ད་ལྟ་རྣམ་གླིང་རྫོང་དུ་ཁང་པ་གསར་པ་བརྒྱབ་ཡོད་ས་དེའི་བར་དུ་གཞུང་ལམ་ཡང་འཛུགས་སྐྲུན་བྱས་ཟིན་པ་རེད་ཅེས་བཤད།།

གསར་འགྱུར་མཁོ་སྤྲོད་པས་རྒྱ་གཞུང་གིས་མང་ཚོགས་ལ་དབུལ་སྐྱོར་ཡིན་ཞེས་དཀའ་ངལ་ཅན་ཚོར་ཁང་པ་རྣམས་རིན་མེད་དུ་སྤྲོད་ཀྱི་འདུག ད་ལྟ་གནས་སྐབས་རིང་གཞུང་ལ་དངུལ་སྒོར་གང་ཡང་སྤྲོད་དགོས་ཀྱི་མི་འདུག འོན་ཀྱང་མང་ཚོགས་ཁག་ཅིག་རྒྱ་གཞུང་གིས་འཛུགས་སྐྲུན་བྱས་པའི་ཁང་བའི་ནང་དུ་གནས་སྤོར་བྱེད་ཀྱི་མི་འདུག ཁོ་ཚོ་འཚོ་བའི་ཆ་རྐྱེན་ཞན་པོ་ཡོད་ཀྱང་སྔོན་མའི་རང་གནས་སུ་འཚོ་གནས་བྱེད་ཀྱི་ཡོད་པ་སྟེ། རྒྱ་གཞུང་གིས་འཛུགས་སྐྲུན་བྱས་པའི་ཁང་པའི་ནང་དུ་སྤོར་ན་མ་འོངས་པར་ས་ཞིང་གི་ཐོབ་ཐང་དང་བདག་དབང་རྣམས་གང་འདྲ་ཞིག་ལ་འགྱུར་རྒྱུ་ཡིན་མིན་གསལ་པོ་མི་འདུག ད་དུང་ལོ་འགའི་རྗེས་སུ་ཁང་པའི་རིན་པ་བསྡུ་རྒྱུ་དང་ཁྲལ་བསྡུ་སྣ་ཚོགས་ཤིག་བྱུང་ན་དཀའ་ངལ་ཆེན་པོ་འཕྲད་རྒྱུ་རེད་ཅེས་་དོགས་ཟོན་བྱས་ནས་གནས་སྤོར་བྱེད་ཀྱི་མེད་པ་རེད་ཅེས་བཤད།།

རྒྱ་ནག་གི་གཞུང་འབྲེལ་གསར་ལམ་ཁག་ཏུ་གནས་ཚུལ་འཁོད་པར་གཞིགས་ན། ཉེ་ཆར་རྒྱ་ནག་གཞུང་གིས་བོད་ལྗོངས་ཀྱི་དབུལ་གྲོལ་འགག་སྒྲོལ་གྱི་གསར་འགོད་ཚོགས་འདུ་ཞེས་པ་ཞིག་ལྷ་སར་ཚོགས་ཏེ་བོད་ལྗོངས་ཀྱི་དབུལ་གྲོལ་འགག་སྒྲོལ་ལས་དོན་རྣམས་གཅིག་བསྡུ་བྱས་ནས་འགག་སྒྲོལ་དུས་མཚམས་ནས་སྲ་བརྟན་མཐོར་གཏོང་གི་དུས་སུ་སླེབས་ཡོད། དབུལ་གྲོལ་འགག་སྒྲོལ་ལ་རྒྱལ་ཁ་ཆེན་པོ་ཐོབ་ཡོད་ཅེས་ཁྱབ་བསྒྲགས་བྱས་ཡོད་འདུག་པར་མ་ཟད། བོད་ཀྱི་རྨང་གཞིའི་སྒྲིག་བཀོད་རིམ་བཞིན་ཇེ་ལེགས་སུ་ཕྱིན་ཡོད་པ་དང་ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་ཐབས་ལམ་ཇེ་མང་དུ་ཕྱིན་ཡོད། སྤྱི་ལོ ༢༠༡༢་ལོ་ནས་༢༠༡༩་བར་དུ་རང་ལྗོངས་གྲོང་གསེབ་ཀྱི་གྲོང་མིའི་ཆ་སྙོམས་ལག་ཡོད་ཡོང་འབབ་སྒོར་༥༦༩༧་ནས་སྒོར་༡༢༩༥༡་ལ་འཕར་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་ཆ་སྙོམས་ལག་ཡོད་ཡོང་འབབ་སྒོར་༡༨༣༦༢་ཟིན་་ཡོད་པ་སོགས་བཀོད་འདུག་པའི་སྐོར། བལ་ཡུལ་ནས་འདི་གའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG