ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༧/༠༤

ལི་ཧྲང་ཧྥུ་དང་ཝེ་ཧྥེང་ཧེ་གཉིས་དམར་ཤོག་ཚོགས་པའི་ཁོངས་ནས་ཕྱིར་ཕུད།


རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ཟུར་པ་ལི་ཧྲང་ཧྥུ་
རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ཟུར་པ་ལི་ཧྲང་ཧྥུ་

༄༅།། རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ཟུར་པ་གཉིས་ལ་ལྐོག་ཟ་བྱས་པའི་ནག་ཉེས་ཐོག་ཏུ་དམར་ཤོག་ཚོགས་པའི་ཁོངས་ནས་ཕྱིར་ཕུད་བྱས་འདུག ཕྱི་ཟླ་༦་པའི་ཚེས་༢༨་ཉིན་ཝ་ཤིང་ཊོན་ཡིག་ཟམ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ཟུར་པ་ཝེ་ཧྥེང་ཧེ་དང་དེའི་རྗེས་འཛིན་པ་ལི་ཧྲང་ཧྥུ་གཉིས་དམར་ཤོག་ཚོགས་པའི་ཁོངས་ནས་ཕྱིར་ཕུད་བྱས་ཤིང་། ཞིས་ཅིན་ཕིང་གིས་དམག་མིའི་ནང་ཁུལ་གྱི་ལྐོག་ཟ་རུལ་སུངས་གཙང་དག་དང་དམག་དཔུང་རྣམས་གཞུང་དྲང་བློ་དཀར་དུ་བསྒྱུར་རྒྱུའི་ཐབས་སུ་འབད། ཝེ་ཧྥང་ཧེས་༢༠༡༨་ནས་༢༠༢༣་བར་དུ་རྒྱལ་སྲུང་བློན་ཆེན་གྱི་གོ་གནས་བཟུང་། ཁོ་པའི་རྗེས་འཛིན་པ་ལི་ཧྲང་ཧྥུ་རྒྱལ་སྲུང་བློན་ཆེན་ལ་བསྐོས་ནས་ཟླ་བ་༧་གྱི་རྗེས་སུ་ལྐོག་ཟ་བྱས་པའི་ནག་ཉེས་ཕོག་སྟེ་གནས་དབྱུང་བྱུང་། རྒྱ་ནག་གཞུང་གིས་ལྐོག་ཟ་ནི་ཆབ་སྲིད་ཀྱི་ནག་ཉེས་ཆེན་པོ་ཞིག་ཏུ་བརྩིས་ཀྱང་ལྐོག་ཟ་རུལ་སུངས་འགོག་དཀར་བ་ཞིག་ཏུ་གྱུར།།

རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ཟུར་པ་ཝེ་ཧྥེང་ཧེ་
རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ཟུར་པ་ཝེ་ཧྥེང་ཧེ་

བདུན་ཕྲག་སྔོན་མར་ཞིས་ཅིན་ཕིང་གིས་དམག་དཔོན་ཚོ་རྒྱ་ནག་དམར་ཤོག་གི་རྩ་བ་ཚུགས་ཡུལ་ཡན་ཨན་ལ་ཁྲིད་ནས་དམག་གི་ནང་དུ་ལྐོག་ཟ་རུལ་སུངས་འགྲོ་ས་མེད། ལྐོག་ཟ་རུལ་སུངས་སོགས་ཀྱི་འབྱུང་རྩ་ནི་ལྟ་བ་དང་ལངས་ཕྱོགས་བརྟན་པོ་མེད་པར་བྱུང་བ་རེད་ཅེས་ནན་ཏན་གྱིས་བརྗོད། ཉམས་ཞིབ་པ་ཚོས་འདས་པའི་ལོ་༡་ཡས་མས་ཤིག་ལ་རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ཟུར་པ་གཉིས་ལ་ཐག་གཅོད་ཇི་ལྟར་བྱ་རྒྱུ་ཡིན་མིན་ཐད་ཚོད་དཔག་སྣ་ཚོགས་ཤིག་བྱས། བདུན་ཕྲག་སྔོན་མའི་གཟའ་ཕུར་བུའི་ཉིན་རྒྱ་ནག་དམར་ཤོག་ཚོགས་པའི་དབུས་ཆབ་སྲིད་ལྷན་ཁང་ལ་ཚོགས་མི་༢༤་ཡོད་པ་དེའི་ཚོགས་འདུའི་ཐོག་ཏུ་ཝེ་ཧྥེང་ཧེ་དང་ལི་ཧྲང་ཧྥུ་གཉིས་ལ་ལྐོག་ཟ་བྱས་པའི་ནག་ཉེས་ཐོག་ཏུ་ཞིབ་འཇུག་བྱེད་ཀྱི་ཡོད། དམར་ཤོག་ཚོགས་པའི་ཡིད་ཆེས་ལ་ཝེ་ཧྥེང་ཧེས་རྡོག་བརྫིས་བཏང་བ་རེད། ལི་ཧྲང་ཧྥུ་དམར་ཤོག་ཚོགས་པའི་ལངས་ཕྱོགས་ལ་རྒྱབ་འགལ་བྱུང་འདུག ཁོ་ཚོ་གཉིས་ཀས་དམག་གི་ཆབ་སྲིད་ཁོར་ཡུག་འབག་བཙོག་ཚབས་ཆེན་བྱས་པ་རེད་ཅེས་ནག་ཉེས་བཙུགས་འདུག

ལི་ཧྲང་ཧྥུ་དང་ཝེ་ཧྥེང་ཧེ་གཉིས་དམར་ཤོག་ཚོགས་པའི་ཁོངས་ནས་ཕྱིར་ཕུད་བྱས་པ་ནི་རྒྱ་ནག་གི་དམག་དཔོན་དང་དམག་དོན་མི་སྣ་ཇི་སྙེད་ཅིག་ལ་ཁྲིམས་གཅོད་དང་གནས་དབྱུང་བཏང་བའི་གྲས་སུ་ཚུད། རྒྱ་ནག་གི་དམག་དཔོན་ཇུས་ཉེས་བྱུང་བ་དེ་དག་གི་མང་ཆེ་བ་མཚོན་ཆ་དང་འཕུར་མདེལ་ཉོ་སྒྲུབ། རྒྱ་ནག་གི་རྡུལ་ཕྲན་མཚོན་ཆ་དང་འཕུར་མདེལ་མང་དུ་གཏོང་བའི་ལས་དོན་ལ་འབྲེལ་བ་ཡོད་པ་ཤ་སྟག་ཡིན་པ་སྟེ། རྒྱ་ནག་གི་དམག་དཔུང་དེང་རབས་ཅན་དུ་བསྒྱུར་ནས་མཚོན་ཆ་ཡར་རྒྱས་གཏོང་བའི་འགྲོ་གྲོན་ཁོངས་ནས་དམག་དཔོན་ཚོས་ཨ་སྒོར་ས་ཡ་མང་པོ་ལྐོག་ཟ་བྱས་ཏེ་སྒེར་གྱི་ཁེ་ཕན་བླངས། རྒྱ་ནག་ཅན་དུ་སྒྱུར་བ་ཞེས་པའི་གསར་འཕྲིན་རྩོམ་སྒྲིག་པ་བྷིལ་བྷི་ཤཱོབ་(Bill Bishop)་ཀྱིས་མཐོ་རིམ་དམག་དཔོན་ཚོས་ལྐོག་ཟ་བྱས་པ་དེས་ཞིས་ཅིན་ཕིང་ལ་ཁྲལ་མེད་བྱས་པའི་ཚོར་བ་མ་འདྲ་བ་ཞིག་ཡོང་གི་ཡོད་ངེས་རེད་ཅེས་བསྟན།།

ཕྱི་ཟླ་༦་པའི་ཚེས་༢༨་ཉིན་རྒྱ་ནག་ལྷོ་ཕྱོགས་སྔ་དྲོའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་གཞུང་གིས་ཉི་མ་གཅིག་ལ་རྒྱལ་སྲུང་བློན་ཟུར་པ་གཉིས་ཀྱིས་ལྐོག་ཟ་བྱས་པའི་ནག་ཉེས་ལ་ཞིབ་འཇུག་བྱེད་ཀྱི་ཡོད་ཅེས་གསལ་བསྒྲགས་སྤེལ་བ་ནི་དམར་ཤོག་ཚོགས་པའི་འགོ་ཁྲིད་ཚོས་ལྐོག་ཟ་རུལ་སུངས་འགོག་མ་ཐུབ་པར་འུ་ཐུག་གི་གནས་སུ་ལྷུང་། རྒྱ་ནག་གི་དམག་ལ་འཐབ་རྒོལ་གྱི་སྟོབས་ཤུགས་མེད་པ་དང་ཚུར་རྒོལ་སྔོན་འགོག་ཆེད་དུ་རྡུལ་ཕྲན་མཚོན་ཆ་གྲ་སྒྲིག་བྱེད་ཐུབ་ཀྱི་མེད་པ་མཚོན་ཐུབ། ལི་ཧྲང་ཧྥུ་དང་ཝེ་ཧྥེང་ཧེ་གཉིས་ལ་ནག་ཉེས་བཙུགས་པའི་རྗོད་ཚིག་རྣམས་རྒྱ་ནག་དམར་ཤོག་ཚོགས་པའི་དབུས་དམག་དོན་གཙོ་འཛིན་གཞོན་པ་ཤུའི་ཚེ་ཧུག་(Xu Caihou)་དང་(Guo Boxiong)་གཉིས་ལ་བཙུགས་པའི་ནག་ཉེས་ཀྱི་རྗོད་ཚིག་ལས་ཀྱང་རྩུབ་དྲག་ཆེ་ཞིང་། ཁོ་ཚོ་ཞིས་ཅིན་ཕིང་གི་ལས་དུས་དང་པོའི་སྐབས་སུ་གནས་དབྱུང་བཏང་འདུག

རྒྱ་ནག་དམར་ཤོག་ཚོགས་པའི་དབུས་དམག་དོན་གཙོ་འཛིན་གཞོན་པ་ཤུའི་ཚེ་ཧུག་དང་ཀོ་པཱ་ཧྲོང་།
རྒྱ་ནག་དམར་ཤོག་ཚོགས་པའི་དབུས་དམག་དོན་གཙོ་འཛིན་གཞོན་པ་ཤུའི་ཚེ་ཧུག་དང་ཀོ་པཱ་ཧྲོང་།

མིང་འདོན་མ་བྱས་པའི་ནན་ཅིང་སློབ་གྲྭ་ཆེན་མོའི་སྲིད་དོན་ཚན་རིག་པ་ཞིག་གིས་ཝེ་ཧྥེང་ཧེ་དང་ལི་ཧྲང་ཧྥུ་གཉིས་ལ་ནག་ཉེས་འཛུགས་སྟངས་ཀྱིས་དམར་ཤོག་ཚོགས་པའི་འགོ་ཁྲིད་ཚོ་ཁོང་ཁྲོས་བརྟས་ཡོད་པ་ཤེས་རྟོགས་ཐུབ་པར་མ་ཟད། རྒྱ་ནག་གི་འགོ་ཁྲིད་ཚོས་དམག་དཔུང་དང་རྒྱ་ནག་གི་མཚོན་ཆ་ཉོ་སྒྲུབ་ལ་སྟངས་འཛིན་བྱེད་ཐུབ་ཀྱི་ཡོད་མེད་ཐེ་ཚོམ་རེད། ཞིས་ཅིན་ཕིང་གིས་ཁྱེད་ཚོས་ལས་དོན་གལ་ཆེན་བླ་ན་མེད་པ་འདིའི་ཐོག་ཏུ་གཡོ་ཁྲམ་བྱེད་སྲོལ་ཡོད་དམ་ཞེས་བཀའ་སྐྱོན་གཏོང་གི་ཡོད་པ་ཤུགས་ཀྱིས་གོ་ཐུབ་ཅེས་བཀྲལ། ཉམས་ཞིབ་པ་ཚོས་རྒྱ་ནག་གི་དབུས་དམག་དོན་གཙོ་འཛིན་གཞོན་པ་ཟུར་པ་གོ་པོ་ཤུང་དང་ཤུའི་ཚེ་ཧུག རྒྱལ་སྲུང་བློན་ཆེན་ཟུར་པ་ལི་ཧྲན་ཧྥུ་དང་ཝེ་ཧྥེང་ཧེ་རྣམས་ཞིས་ཅིན་ཕིང་གི་དུས་སུ་གོ་གནས་འཕར། ཁོ་ཚོ་ཚང་མ་ལྐོག་ཟ་རུལ་སུངས་སུ་གྱུར་པ་ནི་ཞིས་ཅིན་ཕིང་ལ་དམིགས་བསལ་གྱི་རྒྱབ་གཏོད་བྱས་པ་ཞིག་རེད་ཅེས་གླེང་།།

དུས་རབས་༢༠་པའི་ནང་དུ་དམག་འཁྲུག་ལངས་ཏེ་རྒྱ་ནག་གི་དམག་སྤྱི་རྣམས་དམག་སར་བསད་པ་ལས་ཀྱང་ཞིས་ཅིན་ཕིང་གིས་ལྐོག་ཟ་རུལ་སུངས་ཀྱི་ནག་ཉེས་བཙུགས་ནས་དམག་སྤྱི་གནས་དབྱུང་བཏང་བ་མང་བ་ཡོད་ཅིང་། ཞིས་ཅིན་ཕིང་གིས་རྒྱ་ནག་དམར་ཤོག་ཚོགས་པ་དང་མི་དམངས་བཅིངས་འགྲོལ་དམག་སྐྱོབ་ཀྱི་ཡོད། རྒྱ་ནག་གི་དམག་དཔུང་སྟོབས་ཤུགས་ཅན་ཞིག་ཏུ་འགྱུར་དགོས་ན་གཙང་མ་ཞིག་དགོས། དམག་དཔུང་ནི་གཞུང་དྲང་བློ་དཀར་དང་ལྐོག་ཟ་གཏན་ནས་མེད་པ་ཞིག་ཡིན་དགོས་ཞེས་ལས་འགུལ་སྤེལ། ནན་ཅིང་སློབ་གྲྭ་ཆེན་མོའི་སྲིད་དོན་ཚན་རིག་པ་དེས་ཝེ་ཧྥེང་ཧེ་ལ་ལྐོག་རྔན་བླངས་པ་རེད་ཅེས་ནག་ཉེས་བཙུགས་འདུག ལི་ཧྲང་ཧྥུ་ལ་ལྐོག་མ་བརྫངས་པ་དང་ལྐོག་རྔན་བླངས་པ་རེད་ཅེས་ནག་ཉེས་བཙུགས་འདུག ལི་ཧྲང་ཧྥུ་མཐོ་རིམ་དམག་དཔོན་ཞིག་ཏུ་གྱུར་ཟིན་ཡོད་པས་སུ་ལ་ལྐོག་མ་བརྫངས་པ་ཡིན་ཞེས་སྐད་ཆ་དྲིས་ན་ལྟད་མོ་ཡོད་པ་རེད་ཅེས་སྨྲས།།

སིངྒ་པུར་གྱི་ནན་དབྱང་འཕྲུལ་རིག་སློབ་གྲྭ་ཆེན་མོའི་རྒྱལ་སྤྱིའི་འབྲེལ་ལམ་ཞིབ་འཇུག་ཁང་གི་ཉམས་ཞིབ་པ་ཇཱེམ་སི་ཆར་
སིངྒ་པུར་གྱི་ནན་དབྱང་འཕྲུལ་རིག་སློབ་གྲྭ་ཆེན་མོའི་རྒྱལ་སྤྱིའི་འབྲེལ་ལམ་ཞིབ་འཇུག་ཁང་གི་ཉམས་ཞིབ་པ་ཇཱེམ་སི་ཆར་

ཉམས་ཞིབ་པ་ཁག་ཅིག་གིས་མི་དམངས་བཅིངས་འགྲོལ་དམག་ལྐོག་ཟ་རུལ་སུངས་སུ་གྱུར་ན་སྟོབས་ཤུགས་ཉམས་རྒྱུ་རེད་ཟེར། ཉམས་ཞིབ་པ་ཁག་ཅིག་གིས་ལྐོག་ཟ་རུལ་སུངས་རྩ་མེད་བཏང་ན་མི་དམངས་བཅིངས་འགྲོལ་དམག་སྟོབས་ཤུགས་རྒྱས་ཐུབ་ཟེར། སིངྒ་པུར་གྱི་ནན་དབྱང་འཕྲུལ་རིག་སློབ་གྲྭ་ཆེན་མོའི་རྒྱལ་སྤྱིའི་འབྲེལ་ལམ་ཞིབ་འཇུག་ཁང་གི་ཉམས་ཞིབ་པ་ཇཱེམ་སི་ཆར་ (James Char)་གྱིས་ཞིས་ཅིན་ཕིང་རྒྱ་ནག་གི་དབུས་དམག་དོན་གཙོ་འཛིན་རེད། སྐབས་རེར་དམག་དཔོན་ཚོ་ལྐོག་ཟའི་ནག་ཉེས་ཐོག་ཏུ་གནས་དབྱུང་གཏོང་གི་ཡོད་པ་ནུས་མེད་ཅིག་ཏུ་བརྩི་མི་ཉན། ༢༠༡༥་ནས་ཞིས་ཅིན་ཕིང་གིས་མི་དམངས་བཅིངས་འགྲོལ་དམག་ལ་འགྱུར་བཅོས་བཏང་བ་དེ་ལ་བལྟས་ཚེ། ཞིས་ཅིན་ཕིང་གིས་དམག་ལ་དབང་བསྒྱུར་བྱས་པའི་སྟོབས་ཤུགས་ནི་རྒྱ་ནག་དམར་ཤོག་གི་འགོ་ཁྲིད་མའོ་ཙེ་ཏུང་གིས་དབང་བསྒྱུར་བྱས་པ་ལས་ཀྱང་སྐབས་འགར་སྟོབས་ཤུགས་ཆེ་བ་འདུག་ཅེས་བཤད།།

ཉེ་ཆར་ཕྱི་ཟླ་༦་པའི་ཚེས་༡༩་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཞིས་ཅིན་ཕིང་གིས་དམག་གི་ཚོགས་འདུ་ཞིག་གི་ཐོག་ཏུ་མི་དམངས་བཅིངས་འགྲོལ་དམག་གི་ནང་ཁུལ་དུ་ཆབ་སྲིད་ཀྱི་ལངས་ཕྱོགས་དང་ལྟ་བ་ནོར་པ། ལས་འགན་སྒྲུབ་སྟངས་དང་འགྲིག་ལམ་བཅས་ལ་སྐྱོན་ཆེན་པོ་ཞིག་འདུག རིམ་པ་ཁག་གི་ལས་སྣེ་ཁག་དང་ཁྱད་པར་དུ་མཐོ་རིམ་ལས་སྣེ་ཚོས་རང་གི་མཚན་སྙན་ཟུར་དུ་བཞག་སྟེ་རང་སྐྱོན་ཐེར་འདོན་གྱི་སྙིང་སྟོབས་བསྐྱེད་ནས་མིག་དཔེ་སྟོན་དགོས། རང་གིས་རང་ལ་དག་ཐེར་དང་བྱས་ཉེས་རྣམས་ངེས་པར་དུ་ཡོ་བསྲང་བྱ་དགོས། དཀའ་ངལ་ཐམས་ཅད་བསམ་བློའི་འབྱུང་རྩ་ནས་གཅོད་དགོས་ཞེས་ནན་བརྗོད་བྱས་མོད། འོན་ཀྱང་རྒྱ་ནག་གི་ལྐོག་ཟ་རུལ་སུངས་ནི་གོང་མ་རིམ་པའི་དུས་སུ་སྔ་དྲོ་དེར་ལྐོག་ཟ་བྱས་པའི་ལས་སྣེ་ཁག་གི་སྐེ་བཅད་ནས་མགོ་རྣམས་མཁར་སྒོའི་སྟེང་དུ་འཛེར་ཡང་ཕྱི་དྲོ་དེར་ལས་སྣེ་གསར་པ་ཚོས་ལྐོག་ཟ་བྱེད་ཀྱི་ཡོད་པ་རེད་ཅེས་བཤད་སྲོལ་ཡོད་པ་ལྟར་དུ་གྱུར་ཡོད་པའི་གནས་ཚུལ་ཐོན་འདུག

གླེང་སྟེགས།

XS
SM
MD
LG