ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༩/༢༠

མི་དམངས་དངུལ་ཁང་གི་འགན་འཛིན་ནས་དཔལ་འབྱོར་ཉམས་རྒུད་ངོས་ལེན།


མི་དམངས་དངུལ་ཁང་གི་འགན་འཛིན་ཕཱན་གུང་ཧྲེང་
མི་དམངས་དངུལ་ཁང་གི་འགན་འཛིན་ཕཱན་གུང་ཧྲེང་

༄༅།། རྒྱ་ནག་གི་མི་དམངས་དངུལ་ཁང་འགན་འཛིན་ནས་རྒྱལ་ཁབ་ཀྱི་དཔལ་འབྱོར་ལ་དཀའ་ངལ་ཆེན་པོ་ཞིག་འཕྲད་ཀྱི་འདུག རྒྱ་ནག་གི་དཔལ་འབྱོར་ཁ་ཕྱོགས་གསར་པ་ཞིག་ཏུ་སྒྱུར་ཐབས་བྱེད་ཀྱི་ཡོད་པ་ནི་དཀའ་ཚེགས་ཆེ་བའི་འགྲུལ་བཞུད་ཅིག་རེད་ཅེས་ངོས་ལེན་བྱས་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༡༡་པའི་ཚེས་༣༠་ཉིན་ཨེ་ཤི་ཡའི་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་གི་དབུས་དངུལ་ཁང་ངམ། མི་དམངས་དངུལ་ཁང་གི་འགན་འཛིན་ཕཱན་གུང་ཧྲེང་ནས་རྒྱ་ནག་གི་དཔལ་འབྱོར་ནི་རྒྱ་ལམ་དང་ལྕགས་ལམ། གནམ་ཐང་དང་གྲུ་ཁ་བཅས་རྨང་གཞིའི་མཐུན་རྐྱེན་འཛུགས་སྐྲུན་དང་ས་ཁང་ཚོང་ལས་ལ་བརྟེན་ནས་འཕེལ་རྒྱས་ཕྱིན་ཡོད་པ་དངོས་འབྲེལ་རེད། ས་ཁང་ཚོང་ལས་དང་རྨང་གཞིའི་མཐུན་རྐྱེན་འཛུགས་སྐྲུན་ཁོ་ནས་རྒྱ་ནག་གི་དཔལ་འབྱོར་མུ་མཐུད་དུ་འཕེལ་རྒྱས་གཏོང་མི་ཐུབ། རྒྱ་ནག་གི་ས་ཁང་ཚོང་ལས་ལ་གསོན་ཤུགས་གསར་པ་ཞིག་སྤྲད་ནས་བརྟན་པོ་དང་སྤུས་ལེགས་ཤིག་འབྱུང་ཐུབ་པའི་ཐབས་ལམ་ཞིག་འཚོལ་གྱི་ཡོད་ཅེས་གཏམ་བཤད་བྱས་འདུག

རྒྱ་ནག་གི་དཔལ་འབྱོར་ཁ་ཕྱོགས་ངེས་གཏན་མེད་པའི་སྐབས་འདིར་མི་དམངས་དངུལ་ཁང་གི་འགན་འཛིན་གྱིས་བཤད་པའི་སྐད་ཆ་དེ་ཚོ་སྙན་པོ་མེད་པ་དང་ཞིས་ཅིན་ཕིང་སོགས་མཐོ་རིམ་འགོ་ཁྲིད་ཚོས་ཐོས་འདོད་ཡོད་པ་ཞིག་ག་ལ་ཡིན། ཕཱན་གུང་ཧྲེང་གིས་རྒྱ་ནག་བྱང་ཕྱོགས་དང་ནུབ་ཕྱོགས་ཀྱི་ས་གནས་སྲིད་གཞུང་ཁག་བུ་ལོན་ནང་དུ་ཚུད་དེ་འཛིན་སྐྱོང་གི་ལས་དོན་སྒྲུབ་མི་ཐུབ་པའི་མཚམས་སུ་བསླེབས་འདུག་ཅེས་བསྟན། རྒྱ་ནག་གཞུང་གིས་ལོ་གསུམ་ལ་པྲོག་དབྱིབས་ནད་དུག་བཀག་འགོག་བྱས་ནས་སྒོ་རྒྱ་བསྡམས། མི་གྲངས་ས་ཡ་མང་པོར་ཉིན་ལྟར་བརྟག་དཔྱད་བྱས་ནས་ཚོང་ལས་ལ་བར་ཆད་བྱུང་། རྒྱ་ནག་གི་བཟོ་གྲྭ་རྣམས་སྒོ་བརྒྱབ་སྟེ་ངལ་རྩོལ་བ་དུང་ཕྱུག་མང་པོར་ལས་ཀ་མེད་པར་གྱུར། ས་གནས་སྲིད་གཞུང་ཁག་གིས་སྨན་བཅོས་ལ་འགྲོ་གྲོན་བཏང་ནས་ཨ་སྒོར་དུང་ཕྱུར་མང་པོའི་བུ་ལོན་ཟུག དེང་སྐབས་རྒྱ་ནག་གི་ས་གནས་སྲིད་གཞུང་ཁག་གིས་གཞུང་གྲོན་འདུ་འགོད་ཆེད་དུ་མིང་སྣ་ཚོགས་ཤིག་བཏགས་ནས་མང་ཚོགས་ལ་དཔྱ་ཁྲལ་གསར་པ་བཀལ། སྤྱི་ཚོགས་སྒྲིག་སྲོལ་ལ་འགལ་སོང་ཞེས་ཆད་པ་འདྲ་མིན་ཞིག་བཅད་ནས་རང་ཁ་རང་གསོ་ཐུབ་ཐབས་བྱ་དགོས་པའི་གནས་སུ་ལྷུང་།།

ཕྱི་ཟླ་༡༡་པའི་ཚེས་༣༠་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ༢༠༢༣་ལོའི་ཕྱི་ཟླ་༡༠་པ་དང་༡༡་པ་གཉིས་ཀར་རྒྱ་ནག་གི་བཟོ་གྲྭ་ཁག་ནས་ཐོན་སྐྱེད་བཟོ་འདོན་བྱ་རྒྱུ་ཉུང་དུ་སོང་། རྒྱ་ནག་གི་གཞུང་འབྲེལ་གཞི་གྲངས་སུ་ཟླ་བ་སྔོན་མར་རྒྱ་ནག་གི་བཟོ་གྲྭའི་ཐོན་སྐྱེད་བརྒྱ་ཆ་༤༩.༥་ཡིན་པ་དང་ཟླ་བ་འདིར་བརྒྱ་ཆ་༤༩.༤་ཡིན་ཞིང་། བཟོ་གྲྭའི་ཐོན་སྐྱེད་བཟོ་འདོན་བརྒྱ་ཆ་༥༠་ཐམ་པའི་མན་ཆད་དུ་ལྷུང་ན་ཉམས་རྒུད་ཕྱིན་པར་བརྩི་དགོས། ཉེ་བའི་ཟླ་ཤས་ཤིག་ནས་རྒྱ་ནག་གཞུང་གིས་ས་ཁང་དང་རྨང་གཞིའི་མཐུན་རྐྱེན་འཛུགས་སྐྲུན་ཐད་འགྲོ་གྲོན་ཁ་སྣོན་བཏང་སྟེ་སྐྱེད་ཀ་བཅག མི་མང་གིས་ཁང་པ་ཉོས་ནས་ཚོང་ལས་སླར་གསོ་བྱ་རྒྱུའི་ཐབས་སུ་འབད། རྒྱ་ནག་གི་སྲིད་ཇུས་སློབ་སྟོན་པ་ཚོས་རྒྱལ་ཁབ་ཀྱི་དཔལ་འབྱོར་སླར་གསོ་བྱ་དགོས་ན་གཞུང་གིས་འགྲོ་གྲོན་གཏོང་རྒྱུ་མང་དུ་གཏོང་དགོས་ཞེས་ལམ་སྟོན་བྱས་འདུག དཔལ་འབྱོར་རིག་པ་བ་ཀང་ཊེ་ཁར་ནེལ་སོགས་ཀྱིས་རྒྱ་ནག་གི་དཔལ་འབྱོར་དཀའ་ངལ་གྱི་འབྱུང་རྩ་དེ་མི་དམངས་དངུལ་ཁང་གི་སྲིད་ཇུས་མ་རེད། ཞིས་ཅིན་ཕིང་གིས་རྒྱ་ནག་དམར་ཤོག་ཚོགས་པས་དཔལ་འབྱོར་ལ་ཐེ་ཇུས་བྱེད་པའི་སྲིད་ཇུས་ཤིག་ལག་ལེན་བསྟར་གྱི་ཡོད་པར་ཐུག་འདུག་ཟེར།།

ཕྱི་ཟླ་༡༡་པའི་ཚེས་༣༠་ཉིན་དངུལ་རྩའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། དཔལ་འབྱོར་རིག་པ་བ་ནེའུ་མན་གྱིས་༢༠༢༤་ལོར་རྒྱ་ནག་གི་དཔལ་འབྱོར་སླར་གསོ་འབྱུང་ཐུབ་རྒྱུའི་རེ་བ་ཤིན་ཏུ་ཕྲ། རྒྱ་ནག་གི་བཟོ་ལས་ཚན་པའི་བཟོ་ཚོང་ལས་ཁུངས་ཁག་གི་ཁེ་སང་བརྒྱ་ཆ་༢.༧་ལས་འཕར་ཐུབ་མི་འདུག རྒྱ་ནག་གཞུང་གིས་བཟོ་ལས་ཚན་པའི་བཟོ་ཚོང་ལས་ཁུངས་ཁག་ལ་རྒྱབ་སྐྱོར་བྱ་རྒྱུ་ཤུགས་ཆེ་རུ་གཏོང་དགོས། བཟོ་ལས་ཚན་པའི་བཟོ་ཚོང་ལས་ཁུངས་ཁག་ལ་གཞུང་གི་རྒྱབ་སྐྱོར་མ་བྱས་ན་ལོ་རྗེས་མར་རྒྱ་ནག་གི་དཔལ་འབྱོར་བརྒྱ་ཆ་༥༠་འཕེལ་རྒྱས་འགྲོ་ཐུབ་རྒྱུ་ཁག་པོ་རེད་ཅེས་བཤད། ནོ་མུ་ར་དཔལ་འབྱོར་ཞིབ་འཇུག་ཁང་གི་ཉམས་ཞིབ་པ་ཚོས་ཕྱི་ཟླ་༡༡་པའི་མཚམས་སུ་རྒྱ་ནག་གི་དཔལ་འབྱོར་བརྒྱ་ཆ་༤༩.༣་ལས་འཕེལ་རྒྱས་ཕྱིན་མེད་པར་མ་ཟད། ༢༠༢༣་གྱི་ལོ་མཇུག་ཏུ་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་གྲངས་ཚད་དེ་བས་ཀྱང་དམའ་རུ་འགྲོ་སྲིད། ལོ་རྗེས་མར་རྒྱལ་སྤྱིའི་ཁྲོམ་རའི་ནང་དུ་རྒྱ་ནག་གི་དངོས་ཟོག་མངགས་ཉོ་བྱེད་མཁན་མང་དུ་འགྲོ་རྒྱུའི་རྟགས་མཚན་མི་འདུག་ཅེས་ཚོད་དཔག་བྱས་འདུག

འཛམ་གླིང་གི་དཔལ་འབྱོར་རིག་པ་བ་ཕལ་མོ་ཆེས་ལོ་ལྟར་རྒྱ་ནག་གི་དཔལ་འབྱོར་བརྒྱ་ཆ་༨་ནས་༡༠་ཡས་མས་རེ་འཕེལ་རྒྱས་ཕྱིན་པའི་དུས་སྐབས་ནི་ཡོལ་ཟིན་པ་རེད། དུས་སྐབས་དེ་ནམ་ཡང་ཕྱིར་ལྡོག་མི་འབྱུང་། མི་དམངས་དངུལ་ཁང་གི་འགན་འཛིན་ཕཱན་གུང་ཧྲེང་གི་སྐད་ཆ་དེ་ཚོས་རྒྱ་ནག་གི་དངོས་ཡོད་དཔལ་འབྱོར་གནས་སྟངས་ཅི་ཡིན་གསལ་བཀྲོལ་བྱུང་བ་རེད་ཅེས་བཀྲལ། ནོ་མུ་ར་དཔལ་འབྱོར་ཞིབ་འཇུག་ཁང་གི་ཉམས་ཞིབ་པ་ཏིང་ལུ་ཡིས་རྒྱ་ནག་གི་ས་ཁང་ཚོང་ལས་ཉམས་རྒུད་ཕྱིན་པ་རྣམས་སླར་གསོ་བྱ་དགོས་ཚེ། རྒྱ་ནག་མི་དམངས་དངུལ་ཁང་སོགས་ཀྱིས་དངུལ་སྒོར་བསྐྱིས་ནས་ས་ཁང་ཚོང་ལས་ཁང་རྣམས་སྐྱོབ་དགོས། སྔོན་ནས་བཙོངས་ཟིན་པའི་ཁང་པ་རྣམས་འཛུགས་སྐྲུན་ཚར་དུ་བཅུག་སྟེ་ཁང་བདག་སོ་སོར་སྤྲོད་རྒྱུ་ཡོད་པ་ཞིག་བྱ་དགོས་ཞེས་བཤད། རྒྱ་ནག་གི་དཔལ་འབྱོར་བརྒྱ་ཆ་༢༥་ནས་༣༠་ཡས་མས་ཤིག་ས་ཁང་ཚོང་ལས་གཅིག་པུར་བརྟེན་ཡོད་པའི་གནས་ཚུལ་ཐོན་འདུག

རྒྱ་ནག་གི་དཔལ་འབྱོར་དཀའ་ངལ་གྱི་འབྱུང་རྩ་གཞན་ཞིག་ནི་ཞིས་ཅིན་ཕིང་གིས་སྤྱི་དམངས་སྒེར་པའི་ཚོང་ལས་ལ་དམ་དྲག་དང་སྒེར་གྱི་བཟོ་ཚོང་ལས་ཁུངས་ཁག་ཏུ་དམར་ཤོག་ཚོགས་པའི་ཡན་ལག་བཙུགས། གསང་ཉུལ་བཀག་སྡོམ་གྱི་ཁྲིམས་ཤིག་གཏན་ལ་ཕབ་ནས་ཕྱི་རྒྱལ་བཟོ་ཚོང་ལས་ཁུངས་ཁག་ལ་སྔོག་བཤེར་དང་ལས་བྱེད་པ་ཁག་ཅིག་འཛིན་བཟུང་། རྒྱ་ནག་གི་ཁྲོམ་རའི་ནང་དུ་ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁུངས་ཁག་ལ་ཚོང་ལས་གཉེར་རྒྱུ་དཀའ་ངལ་ཆེ་རུ་བཏང་སྟེ་ཨ་རི་དང་ཉི་ཧོང་། ཐེ་ཝན་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་བཟོ་གྲྭ་མང་པོ་རྒྱ་ནག་ནས་ལྷོ་ཤར་ཨེ་ཤི་ཡ་རྒྱལ་ཁབ་ཁག་དང་རྒྱ་གར། མེག་སི་ཀོ་དང་ཤར་ཡུ་རོབ་སོགས་ལ་སྤོས་ཏེ་རྒྱ་ནག་གི་བཟོ་གྲྭ་རྣམས་སྒོ་བརྒྱབ་ནས་བཟོ་པ་ས་ཡ་མང་པོའི་ལས་ཀ་ཤོར། རྒྱ་ནག་མི་དམངས་ལ་དངུལ་སྒོར་ཡོད་པ་རྣམས་འགྲོ་གྲོན་མ་བཏང་བར་ཕུགས་གསོག་བྱས་ནས་དཔལ་འབྱོར་སྐོར་བ་མ་ཐེབས། རྒྱ་ནག་གི་ན་གཞོན་ཚོ་ལེབ་ཉལ་བྱས་ནས་ཆེད་ལས་གཉེར་རྒྱུའི་འདུན་མ་མ་བཅངས་པར་བསྡད། རྒྱ་ནག་ལ་རྒན་རྒོན་གྱི་མི་འབོར་མང་དྲགས་པ་དང་ན་གཞོན་ངལ་རྩོལ་བ་ཉུང་དྲགས་པའི་གནས་ཚུལ་ཐོན་འདུག

དཔལ་འབྱོར་ཉམས་ཞིབ་པ་ཚོས་པྲོག་དབྱིབས་ནད་ཡམས་ནི་རྒྱ་ནག་གི་དཔལ་འབྱོར་ཉམས་རྒུད་འགྲོ་དགོས་པའི་རྒྱུ་རྐྱེན་གཙོ་བོ་ཞིག་རེད། འཛམ་གླིང་རྒྱལ་ཁབ་ཡོངས་ཀྱིས་ནད་དུག་འགོག་ཞོར་དང་ཚོང་ལས་གཉེར་ཞོར། སྤྱི་ཚོགས་ཀྱི་བྱེད་སྒོ་རྣམས་མཚམས་མ་བཞག་ཀྱང་རྒྱ་ནག་གིས་པྲོག་དབྱིབས་ནད་དུག་རྩ་འགོག་བྱ་དགོས་ཞེས་སྒོ་བརྒྱབ་ནས་དཔལ་འབྱོར་ཉམས་རྒུད་སོང་། ༡༩༧༩་ལོར་ཏིན་ཞའོ་ཕིང་གིས་ཕྱི་ལ་སྒོ་མོ་ཕྱེ་ནས་རྒྱ་ནག་ནི་འཛམ་གླིང་གི་ཅ་ལག་བཟོ་སའི་བཟོ་གྲྭར་གྱུར། པྲོག་དབྱིབས་ནད་དུག་ཁྱབ་པའི་རྗེས་སུ་རྒྱ་ནག་གཞུང་གིས་བཟོ་གྲྭ་རྣམས་སྒོ་བརྒྱབ། འཛམ་གླིང་མི་དམངས་ལ་ཉེར་མཁོའི་དངོས་ཟོག་ཆད། དེ་ནས་འཛམ་གླིང་གི་ཅ་ལག་ཡོད་དོ་ཅོག་བཟོ་ས་རྒྱ་ནག་འབའ་ཞིག་ལ་བརྟེན་པ་ཉེན་ཁ་ཆེ་བ་ངོས་ཟིན། ཨ་རི་སོགས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་རང་རང་གི་བཟོ་གྲྭ་ཁག་ཅིག་རྒྱ་ནག་ནས་ཕྱིར་འཐེན་བྱས་ཏེ་འཛམ་གླིང་ཡུལ་གྲུ་གཞན་དུ་ཚོང་ལས་གཉེར་རྒྱུ་འགོ་ཚུགས། སྔོན་ཆད་རྒྱ་ནག་ཏུ་བཟོ་དགོས་པའི་དངོས་ཟོག་མང་པོ་ཝི་ཏེ་ནམ་དང་ཐེ་ལན་ཌི། ཨིན་རྡུ་ནེ་ཤི་ཡ་དང་མ་ལེ་ཤི་སོགས་སུ་བཟོ་ཐུབ་པ་ཞིག་ཏུ་གྱུར།།

སྲིད་དོན་ཉམས་ཞིབ་པ་ཚོས་༢༠༡༣་ལོར་ཞིས་ཅིན་ཕིང་གིས་སྲིད་དབང་བཟུང་བའི་རྗེས་སུ་ཏིང་ཞའོ་ཕིང་གི་དཔལ་འབྱོར་འགྱུར་བཅོས་ཀྱི་སྲིད་ཇུས་ལ་འགྱུར་བ་བཏང་ནས་དམར་ཤོག་ཚོགས་པའི་སྲིད་དབང་སྲ་བརྟན། རྒྱལ་ནང་དུ་མའོ་ཙེ་ཏུང་གི་དུས་སྐབས་ལྟར་དམ་དྲག་ཆེ་རུ་བཏང་སྟེ་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་བཙན་དྲག་བཀོལ། ཞིས་ཅིན་ཕིང་གིས་༢༠༢༥་ནས་རྒྱ་ནག་ཚན་རིག་དང་འཕྲུལ་རིག་ལག་རྩལ་ཐོག་ཏུ་ཡང་རྩེར་སོན་ཏེ་འཛམ་གླིང་ཡོངས་ཀྱིས་བརྟེན་དགོས་པ་ཞིག་ཏུ་བསྒྱུར་རྒྱུ་ཡིན་ཞེས་བསྒྲགས། ཁོ་པས་ཐེ་ཝན་ལ་བཙན་འཛུལ་བྱ་རྒྱུའི་དམག་གི་སྡིགས་ར་བསྐུལ་རྒྱུ་ཤུགས་ཆེ་རུ་བཏང་བ་དང་རྒྱ་གར་ལ་འཁྲུག་རྩོད་བསླངས། རྒྱ་ནག་གིས་ཉི་ཧོང་ལ་འབྲེལ་བ་སྡུག་ཏུ་བཏང་སྟེ་ཨ་མི་རི་ཀར་ཁ་གཏད་བཅག ཨ་རིའི་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱིས་རྒྱ་ནག་ལ་ཚོང་དམག་བསླངས་ནས་སྒོ་ཁྲལ་སྤར། སྲིད་འཛིན་བྷ་ཌན་གྱི་གཞུང་གིས་སྲིད་གཞུང་སྔོན་མའི་སྲིད་ཇུས་དེ་རྣམས་རྒྱུན་བསྐྱངས། ད་དུང་རྒྱ་ནག་ལ་འཕྲུལ་རིག་ལག་རྩལ་བཙོངས་རྒྱུ་བཀག་ནས་དཀའ་ངལ་འཕྲད་བཞིན་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG