ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༡༡/༢༨

རྒྱ་ནག་གི་དཔལ་འབྱོར་གོང་འཕེལ་འགྲོ་བའི་དུས་རབས་མཇུག་བསྒྲིལ་ཟིན་པར་བརྗོད།


རྒྱ་ནག་གི་གནད་དོན་སྐོར་གྱི་ཉམས་ཞིབ་པ་ཏེན་ཡུས་ཝེན།
རྒྱ་ནག་གི་གནད་དོན་སྐོར་གྱི་ཉམས་ཞིབ་པ་ཏེན་ཡུས་ཝེན།

ཨ་མེ་རི་ཁར་གནས་སྡོད་རྒྱ་ནག་གི་གནད་དོན་སྐོར་གྱི་ཉམས་ཞིབ་པ་ཏེན་ཡུས་ཝེན་གྱིས་རྒྱ་ནག་གི་དཔལ་འབྱོར་གོང་དུ་འཕེལ་བའི་དུས་རབས་གཏན་ནས་མཇུག་བསྒྲིལ་ཟིན་པ་རེད་ཅེས་ཚིག་ཐག་ཆོད་པོས་སྡོམ་ཚིག་བཀོད་ཡོད་།

ཨ་མེ་རི་ཁར་གནས་སྡོད་རྒྱ་ནག་གི་གནད་དོན་སྐོར་གྱི་ཉམས་ཞིབ་པ་ཏེན་ཡུས་ཝེན་གྱིས་རྒྱ་ནག་གི་དཔལ་འབྱོར་གོང་དུ་འཕེལ་བའི་དུས་རབས་གཏན་ནས་མཇུག་བསྒྲིལ་ཟིན་པ་རེད་ཅེས་ཚིག་ཐག་ཆོད་པོས་སྡོམ་ཚིག་བཀོད་ཡོད་པ་དང་། སྐད་ཆ་དེ་ནི་ཐལ་དྲགས་པ་འདྲ་ཞིག་མཐོང་གི་ཡོད་ཀྱང་། ཁོ་བོས་སྡོམ་ཚིག་དེ་ལ་ཡིད་ཆེས་བརྟན་པོ་ཡོད་ཅེས་འགྲེལ་བརྗོད་བྱས་འདུག ཉམས་ཞིབ་པ་ཏེན་ཡུས་ཝེན་གྱིས་བྲིས་པའི་དཔྱད་རྩོམ་གྱི་ནང་དོན་ཁག་ཅིག་གཤམ་གསལ།

ཉེ་ཆར་རྒྱ་ནག་གཞུང་གི་བསྡོམས་རྩིས་ལས་ཁུངས་ནས་༢༠༢༢ ལོའི་རྒྱ་ནག་གི་མི་འབོར་ཕྱིར་བསྒྲགས་བྱས་ཡོད་པ་དེ། ༢༠༢༡ ལོ་དང་བསྡུར་ན་འབུམ་བརྒྱད་དང་ཁྲི་ལྔ་ལྷག་ཙམ་ཉུང་དུ་ཕྱིན་ཡོད་ཅིང་། དེ་ནི་འདས་པའི་མི་ལོ་༦༠ ལྷག་གི་རིང་རྒྱ་ནག་གི་མི་འབོར་མར་ཆག་པའི་ཚད་མཐོ་ཤོས་ཡིན་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་གི་མི་འབོར་ཉུང་དུ་ཕྱིན་པའི་གནད་དོན་ལ་དོ་སྣང་དང་གླེང་སློང་མང་པོ་ཡོང་བཞིན་འདུག

མི་འབོར་ཉུང་དུ་ཕྱིན་པའི་གནད་དོན་དེས། འཛམ་གླིང་ཐོག་མི་འབོར་མང་ཤོས་ཨང་དང་པོ་ཡིན་པའི་རྒྱ་ནག་གི་གོ་གནས་ལ་གཡོ་འགུལ་ཐེབས་ཡོད་བཅུག་ཡོད་པར་མ་ཟད། དཔལ་འབྱོར་རིག་པའི་ཐོག་ནས་བཤད་ན། རྒྱ་ནག་གི་འདས་པའི་ལོ་༤༠ ཙམ་གྱི་རིང་དཔལ་འབྱོར་ཚད་མཐོན་པོར་གོང་དུ་འཕེལ་བའི་དུས་རབས་དེ་ད་ཆ་མཇུག་བསྒྲིལ་ཡོད་པ་མཚོན་ཞིང་། འདིར་བརྗོད་པའི་ཚད་མཐོན་པོ་ཞེས་པ་ནི། དཔལ་འབྱོར་གྱི་འཕེལ་ཚད་དེ་བརྒྱ་ཆའི་༧ ཡན་ལ་གོ་བཞིན་ཡོད། ཡར་རྒྱས་ཕྱིན་ཟིན་པའི་རྒྱལ་ཁབ་མང་ཆེ་བར་དཔལ་འབྱོར་ཚད་མཐོན་པོ་འཕེལ་བའི་བརྒྱུད་རིམ་ཞིག་ཡོད་མྱོང་ཡང་། འོན་ཏེ་རྒྱ་ནག་ནང་བཞིན་འཕེལ་ཚད་དེ་འདྲ་མཐོན་པོར་སླེབས་མྱོང་མེད། ༡༩༧༨ ལོར་བཅོས་བསྒྱུར་སྒོ་འབྱེད་ཀྱི་སྐབས་ནས་༢༠༡༥ ལོའི་བར། ༡༩༨༡ དང་༡༩༨༩ ། ༡༩༩༠ ལོ་གསུམ་ཕུད་པའི་ཁྱོན་ལོ་ངོ་༣༤ རིང་། རྒྱ་ནག་གི་ལོ་རེའི་དཔལ་འབྱོར་འཕེལ་ཚད་དེ་བརྒྱ་ཆ་༧ ལ་བརྒལ་ཡོད་པ་དང་། དེའི་ནང་ནས་མང་ཆེ་བ་བརྒྱ་ཆ་༩ ཙམ་ལ་སླེབས་ཡོད་པ་རེད། དེ་ནི་ད་ཕན་འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་ཐོག་ཧ་ལས་པ་མཐོང་དཀོན་པོ་ཡིན་པའི་གནས་སྟངས་ཁྱད་མཚར་ཅན་ཞིག་རེད། རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་འགྲོ་བའི་རྒྱབ་ལོགས་སུ། ངལ་རྩོལ་བཙན་སྐུལ་བྱེད་པ་ལ་སོགས་པ་འགྲོ་བ་མིའི་ཐོབ་ཐང་ལ་དོ་ཕོག་ཚད་མེད་བཏང་ཡོད་པ་དང་། དེ་བཞིན་ཁོར་ཡུག་ལ་གནོད་འཚེ་ཐེབས་བའི་བྱེད་བབ་ཅི་རིགས་ཤིག་སྤེལ་ཡོད་པ་ནི་སྨོས་མ་དགོས་པ་ཞིག་རེད། ཡིན་ན་ཡང་། ༢༠༢༠ ལོར་རྒྱ་ནག་གི་དཔལ་འབྱོར་འཕེལ་ཚད་དེ་བརྒྱ་ཆ༢.༢༤ ལ་མར་ཟགས་ཡོད་པའི་ཐོག མི་འབོར་སྐྱེས་ཚད་ཀྱང་ཚད་དམའ་ཤོས་སུ་སླེབས་ཡོད་པས། དུས་དེ་ནས་བཟུང་སྟེ། རྒྱ་ནག་གི་དཔལ་འབྱོར་འཕེལ་ཚད་བརྒྱ་ཆ༧ ཡན་ལ་གཏན་ནས་བརྒལ་ཐུབ་མི་སྲིད་པ་ནི་མིག་མཐོང་ལག་ཟིན་ཆགས་ཡོད།

རྒྱ་ནག་གི་མི་འབོར་གྱིས་ད་ཕན་དཔལ་འབྱོར་འཕེལ་ཚད་ལ་ནུས་པ་བརྒྱ་ཆ་༢༧ བཏོན་ཡོད།

上海浦东陆家嘴金融区 (2021年3月5日)
上海浦东陆家嘴金融区 (2021年3月5日)

འདས་པའི་མི་ལོ་༣༤ ཙམ་གྱི་རིང་རྒྱ་ནག་གི་དཔལ་འབྱོར་ཤུགས་ཆེ་འཕར་ཡོད་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ནི་རྒྱ་ནག་གི་མི་འབོར་ལ་རག་ལས་ཡོད། རྒྱ་ནག་གི་དུས་རབས་གོང་མའི་ལོ་རབས༨༠ པའི་ནང་ནས་འཆར་ལྡན་བུ་སྐྱེས་ཞེས་པའི་ངན་པ་རྒུ་འཛོམས་ཀྱི་སྲིད་ཇུས་ཤིག་ལག་ལེན་བསྟར་ཡོད་ཀྱང་། སྲིད་ཇུས་དེའི་མཇུག་འབྲས་དེ་ལོ་ཉི་ཤུ་སུམ་ཅུ་ཙམ་གི་རྗེས་ནས་གཞི་ནས་འབྲས་བུ་སྨིན་རྒྱུ་ཡིན་པ་རེད། རྒྱ་ནག་གི་བཅོས་བསྒྱུར་སྒོ་འབྱེད་ཀྱི་སྲིད་ཇུས་དང་མི་འབོར་མང་བའི་དུས་སྐབས་གཉིས་ཁར་ཐུག་འཁེལ་ཡོད་པ་དང་། རྒྱ་ནག་ནང་ངལ་རྩོལ་ནུས་ཤུགས་ཀྱི་རིན་གོང་དམའ་བའི་ཁྱད་ཆོས་ཡོད་ཐོག རྒྱལ་སྒོ་ཕྱེས་ནས་འཛམ་གླིང་ཅན་གྱི་འཕེལ་ཕྱོགས་དང་བསྟུན་ཐབས་བྱས་ཡོད་པའི་རྐྱེན་ལས། རྒྱ་ནག་དེ་བཞིན་འཛམ་གླིང་གི་བཟོ་གྲྭ་ཆེན་པོ་ཞིག་ཏུ་གྱུར་ཡོད། དེ་བས་མཐར་གཏུགས་ན། རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་ཤུགས་ཆེ་ཕྱིན་པ་དེ་ཡང་གཙོ་བོ་རྒྱ་ནག་གི་མི་འབོར་དང་ངལ་རྩོལ་པ་ཚོའི་ཐོབ་ཐང་ལ་རྡོག་རོལ་བཏང་ནས་ཐོབ་པའི་འབྲས་བུ་ཞིག་རེད།

ཆེད་མཁས་པ་འགས་རྒྱ་ནག་གི་མི་འབོར་གྱིས་དཔལ་འབྱོར་འཕེལ་ཚད་ལ་ནུས་པ་བརྒྱ་ཆ་༢༧ བཏོན་ཐུབ་ཡོད་པར་འདོད་ཅིང་། འཆར་ལྡན་བུ་སྐྱེས་ཀྱི་སྲིད་ཇུས་སྤེལ་བའི་རྐྱེན་ལས། ངལ་རྩོལ་བ་ཉུང་དུ་ཕྱིན་པའི་འབྲས་བུ་དེ་༢༠༡༢ ཙམ་ནས་སྨིན་འགོ་ཚུགས་ཡོད་པ་དང་། ལྷག་པར་དུ་༢༠༡༦ ལོ་དང་༢༠༡༨ ། ༢༠༡༩ ལོར་རྒྱ་ནག་གི་དཔལ་འབྱོར་འཕེལ་ཚད་དེ་བརྒྱ་ཆ༦ དང་༥་༩༥ ལ་མར་ཆག་ཡོད། དེའི་ཐོག་ལ་༢༠༢༠ ལོའི་རྗེས་ཀྱི་ནད་དུག་ཁྱབ་གདལ་གྱི་ལོ་གསུམ་གྱི་རིང་། མུ་གེའི་ཐོག་ལ་ཟླ་ལྷག་བཞིན་རྒྱ་ནག་གི་དཔལ་འབྱོར་འཕེལ་ཚད་དེ་བརྒྱ་ཆ༤ ཙམ་ལ་མར་ཆག་ཡོད་པ་དང་། ༢༠༢༠ ལོའི་དཔལ་འབྱོར་འཕེལ་ཚད་དེ་བཅོས་བསྒྱུར་སྒོ་འབྱེད་བྱས་ནས་ད་བར་ཚད་དམའ་ཤོས་སུ་སླེབས་ཡོད།

ཡ་མཚན་པོ་ཞིག་ལ། རྒྱ་ནག་གི་དཔལ་འབྱོར་འཕེལ་ཚད་མར་ཆག་པའི་དུས་སྐབས་དེ་དང་ཞི་ཅིན་ཕིང་གིས་དབང་བསྒྱུར་བྱེད་པའི་ལོ་བཅུའི་དུས་སྐབས་དེ་གཉིས་ཏག་ཏག་སྟབས་འཁེལ་ཡོད་པ་རེད། དེ་ནི་སྟེས་དབང་ཞིག་མ་ཡིན་ཞིང་ཕན་ཚུན་ནང་འབྲེལ་ཆེ་བ་ཞིག་རེད། གོང་འཁོད་ལོ་གསུམ་རིང་གི་ནད་ཡམས་ཀྱི་གོད་ཆགས་དེ་ནི་མའོ་ཙེ་ཏུང་གིས་སྲིད་ཇུས་ནོར་འཁྲུལ་ཅན་ལག་ལེན་བསྟར་ཡོད་པ་དག་ལས་ཀྱང་ཐལ་དྲགས་པ་ཞིག་རེད། མའོ་ཙེ་ཏུང་གི་མཆོངས་བསྐྱོད་ཆེན་མོ་ཞེས་པའི་སྲིད་ཇུས་འོག མི་དམངས་རྣམས་བཀྲེས་སྐོམ་གྱི་སྡུག་བསྔལ་ནང་ལྷུང་བཅུག་ཡོད་ཀྱང་། མི་ཚོའི་འགྲོ་འོང་བཀག་སྡོམ་ལོ་གསུམ་རིང་ལ་བྱས་མྱོང་མེད།

ནད་ཡམས་ཀྱི་ལོ་གསུམ་དེ་ཕུད་ནས་ལོ་བདུན་གྱི་རིང་། སྤྱིའི་ཆ་ནས་རྒྱ་ནག་གི་དཔལ་འབྱོར་ཉམ་ཆག་ཕྱིན་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ནི། ཞི་ཅིན་ཕིང་གིས་དཔལ་འབྱོར་འཛུགས་སྐྲུན་གཙོ་འཛིན་བྱེད་པའི་ལམ་ཕྱོགས་ལ་འགྱུར་ལྡོག་བཏང་བ་དང་། སོ་སོའི་སྲིད་དབང་སྲ་བརྟན་ཡོང་ཆེད་ཁ་གཏད་ཚོ་ལ་ལྐོག་ཟ་རུལ་སུངས་ཀྱི་ཞྭ་མོ་གཡོགས་ནས་རྡུང་རྡེག་བཏང་བ། གཞུང་གཉེར་གྱི་ཁེ་ལས་ཁག་ལ་རྒྱབ་སྐྱོར་དང་སྒེར་གྱི་བཟོ་ཚོང་ཁང་ཚོ་ལ་དྲག་གནོན་བྱས་པ། ཐུན་མོང་ཕྱུག་འགྱུར་ཞེས་པའི་སྲིད་ཇུས་སྤེལ་བ། ཨ་རྒྱ་གཉིས་ཀྱི་ཚོང་དམག་ལངས་པ་དང་ཁྱབ་ཁོངས་མང་པོ་ཞིག་གི་འགྲན་རྩོད་ཁྲོད་དུ། ཨ་རི་དང་དཔལ་འབྱོར་མཉམ་ལས་བྱ་རྒྱུ་ནས་ཕྱིར་འཐེན་བྱས་པ། འཛམ་གླིང་གི་ཚོང་ཟོག་མཁོ་རྒྱུག་མ་ལག་ནས་ཕྱིར་འབུད་བྱེད་འགོ་ཚུགས་པ་སོགས་ཀྱིས་རྐྱེན་གྱིས་ཡིན་པ་རེད། གང་ལྟར་རྒྱ་ནག་གི་འདས་པའི་ལོ་ངོ་སུམ་ཅུ་ལྷག་གི་རིང་ལ་བསགས་པའི་དཔལ་འབྱོར་གྱི་གྲུབ་འབྲས་དེ་ཞི་ཅིན་ཕིང་གི་ལས་ཡུན་ལོ་བཅུའི་ནང་དོ་ཕོག་ཚབས་ཆེ་ཐེབས་བཅུག་ཡོད། གཞན་ཡང་འདས་པའི་ལོ་༣༠ ལྷག་གི་རིང་། དཔལ་འབྱོར་ཤུགས་ཆེ་འཕར་བའི་བརྒྱུད་རིམ་ནང་། རྒྱ་ནག་གི་ཁྲོམ་ར་དཔལ་འབྱོར་གྱི་རྩ་འཛིན་དང་རྒྱབ་འགལ་བྱེད་པའི་དཔལ་འབྱོར་གྱི་སྒྲོམ་གཞི་ལ་ཡང་སྐྱོན་ཆ་མང་དག་ཅིག་བྱུང་སྟེ། མཐར་བཅོས་སྒྲིག་མི་བྱེད་ཁ་མེད་ཀྱི་མཚམས་སུ་སླེབས་ཡོད་པ་རེད།

འཕྲུལ་རིག་ལག་རྩལ་གྱིས་མི་འབོར་ཉུང་དུ་ཕྱིན་པའི་གྱོང་གུད་ཁ་གསབ་བྱེད་མི་ཐུབ།

རྒྱ་ནག་གི་དཔལ་འབྱོར་གྱི་སྒྲོམ་གཞི་ནི་མི་འབོར་མང་བའི་དགེ་མཚན་ཐོག་ངལ་རྩོལ་བ་འདུས་ཚད་ཆེ་བའི་ཐོན་ལས་སྡེབ་བཀྲམ་ཅན་ཞིག་ཡིན་པས། དེ་ནི་འཛམ་གླིང་ཐོག་ཐོན་ལས་མཁོ་རྒྱུག་མ་ལག་ནང་ནས་ཆེས་དམའ་སར་འཁེལ་ཡོད། དེ་བས་ངལ་རྩོལ་བ་འདུས་ཚད་ཆེ་བ་དང་ངལ་རྩོལ་བའི་རིན་གོང་དམའ་བའི་ཐོན་ལས་སྒྲིག་གཞི་དེ་ལ་འགྱུར་ལྡོག་གཏང་དགོས་ན། མི་འབོར་ཉུང་དུ་ཕྱིན་པ་ཡིན་ན་ཅི་བྱ་གཏོལ་མེད་ཀྱི་གནས་སུ་ལྷུང་ཡོད། ཞི་ཅིན་ཕིང་གིས་ཀྱང་རྒྱ་ནག་གི་དཔལ་འབྱོར་སྒྲོམ་གཞིའི་གནད་དོན་དེ་ཤེས་རྟོགས་བྱུང་སྟེ། ལོ་འགའི་སྔོན་ནས་བཟང་ཚང་རེ་ལ་ཕྲུ་གུ་གསུམ་རེ་སྐྱེ་ཆོག་པའི་སྲིད་ཇུས་ལག་ལེན་བསྟར་འགོ་ཚུགས་ཡོད། ཡིན་ནའང་། རྒྱ་ནག་ནང་དེང་སང་མི་ཚོ་ལ་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་གནོན་ཤུགས་སྣ་ཚོགས་འོག་ནས་ཕྲུ་གུ་སྐྱེ་འདོད་མེད་མཁན་ཇེ་མང་དུ་འགྲོ་བཞིན་པའི་དངོས་ཡོད་གནས་སྟངས་ལ་འགྱུར་བ་ཕྱིན་ཐུབ་མེད།

ཡང་ཕྱོགས་གཞན་ཞིག་ནས་བཤད་ན། རྒྱ་ནག་དམར་ཤོག་ཚོགས་པའི་དབང་བསྒྱུར་པ་ཚོས་གཞུང་གཉེར་གྱི་ཁེ་ལས་ཁག་ལ་རྒྱབ་སྐྱོར་བྱེད་དེ། སྒེར་གྱི་ཁེ་ལས་དང་བཟོ་ཚོང་ཁང་ཚོ་ལ་ཡིད་ཆེས་མེད་པས། རྒྱ་ནག་གི་དཔལ་འབྱོར་གྱི་གསོན་ཤུགས་རྩ་བརླག་བཏང་ཡོད། འབྱུང་འགྱུར་རྒྱ་ནག་གི་མི་འབོར་ཇེ་ཉུང་ནས་ཇེ་ཉུང་དུ་འགྲོ་རྒྱུ་ཡིན་པ་སྨོས་མེད་ཡིན་ཞིང་། དེ་ནི་ལྡོག་ཏུ་མེད་པའི་ཆོད་ཉིད་ཅིག་ཡིན་པས། རྒྱ་ནག་དེ་བཞིན་དེ་སྔར་ཅང་ཙེ་མིང་དང་ཧུའུ་ཅིང་ཐའོ་ཡི་དུས་སྐབས་ནང་བཞིན་དཔལ་འབྱོར་ཡར་རྒྱས་འགྲོ་བཞིན་པའི་དུས་སྐབས་ཤིག་ལ་སླེབས་པའི་དབང་དུ་བཏང་ནའང་། འཕྲུལ་རིག་ལག་རྩལ་གོང་འཕེལ་ཕྱིན་པ་ཙམ་གྱིས་རྒྱ་ནག་གི་ངལ་རྩོལ་བ་ཉུང་དུ་འགྲོ་བཞིན་པའི་གནད་དོན་ཐག་གཅོད་བྱེད་ཐབས་བྲལ་བས། མ་འོངས་པར་རྒྱ་ནག་གི་དཔལ་འབྱོར་འཕེལ་ཚད་དེ་དེ་སྔ་ནང་བཞིན་བརྒྱ་ཆ་༧ ཡན་ལ་སླེབས་རྒྱུ་ནི་རྩ་བ་ཉིད་ནས་མི་སྲིད་པ་ཞིག་རེད།

XS
SM
MD
LG