ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༡༢/༢༡

བོད་པ་ཚོ་ལྷ་སའི་གཙུག་ལག་ཁང་སོགས་ལ་མཆོད་མཇལ་བཀག་སྡོམ།


༄༅།། ཕྱི་ཟླ་༡༡་པའི་ཚེས་༢༨་ཉིན་བོད་ཀྱི་རྒྱལ་ས་ལྷ་སར་གནས་འཁོད་བོད་པ་མིང་བརྗོད་འདོད་མེད་མཁན་ཞིག་གིས་འདི་གའི་གསར་འགོད་པར་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། དེང་སྐབས་རྒྱ་ནག་གཞུང་གིས་རྒྱ་སྐད་དུ་ཧྲེན་ཧྥེན་ཀྲེང་ངམ། བོད་སྐད་དུ་སྤྱི་དམངས་ཐོབ་ཐང་དཔང་ཡིག་ཟེར་བ་དེ་སྟོན་རྒྱུ་མེད་པའི་བོད་པ་ཚོ་ལྷ་ལྡན་གཙུག་ལག་ཁང་དང་རྒྱས་བཏབ་ར་མོ་ཆེ། རྩེ་པ་ཏ་ལ་དང་བར་སྐོར་སོགས་ལ་མཇལ་སྐོར་དུ་འགྲོ་རུ་འཇུག་གི་མེད་ཅིང་། ཐ་ན་ལྷ་སའི་ཡུལ་མི་རྣམས་ཀྱང་ཐོབ་ཐང་དཔང་ཡིག་སྟོན་རྒྱུ་མེད་པར་མཆོད་མཇལ་སོགས་ལ་གཏོང་གི་མི་འདུག ཐོབ་ཐང་དཔང་ཡིག་ལག་ཏུ་མེད་མཁན་ཚོར་ས་ཚིགས་གང་སར་སྐད་ཆ་འདྲ་མིན་ཞིག་དྲིས་ནས་ཧ་ཅང་གི་སུན་པོ་བཟོ་ཡི་འདུག འདི་ནི་སྔོན་དང་བསྡུར་ན་བར་སྐོར་ལ་འགྲོ་མཁན་ཚོར་དཀའ་ངལ་གསར་པ་ཞིག་དང་སྐོར་བར་འགྲོ་མཁན་ཉུང་དུ་ཕྱིན་འདུག སྤྱི་དམངས་ཐོབ་ཐང་དབང་ཡིག་ལག་ཏུ་མེད་མཁན་ཚོས་རང་གི་ཐོབ་ཐང་དཔང་ཡིག་གི་ཨང་གྲངས་ངེས་བར་དུ་བློ་ལ་ངེས་དགོས་ཀྱི་འདུག དེ་ལྟར་མ་བྱུང་ན་གཏན་ནས་ཕྱག་སྐོར་བྱེད་དུ་འགྲོ་རུ་མི་འཇུག་པར་རང་གནས་སུ་ཕྱིར་སློག་བྱེད་ཀྱི་འདུག་ཅེས་བཤད་བྱུང་།།

གསར་འགྱུར་མཁོ་སྤྲོད་པས་མུ་མཐུད་དུ་བཤད་པ་ལྟར་ན། རྒྱ་གཞུང་གིས་དམ་དྲག་བྱ་རྒྱུ་ཤུགས་ཆེ་རུ་གཏོང་བཞིན་པའི་རྐྱེན་གྱིས་བར་སྐོར་ལ་འགྲོ་མཁན་ཚོ་སེམས་པ་སྐྱིད་པོ་མེད་པར་སྲིད་གཞུང་གི་དམ་དྲག་འོག་ཏུ་གནས་དགོས་ཤིང་། མིའི་འགྲོ་འདུག་སྤྱོད་གསུམ་ལ་རང་དབང་གང་ཡང་མེད་པར་ཕྱོིགས་བཞི་མཚམས་བརྒྱད་ལ་པར་ཆས་བཙུགས་ནས་ལྟ་རྟོག་བྱེད་ཀྱི་འདུག་ཅེས་བཤད།།

བཞུགས་རྡ་རམ་ས་ལའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་གྱིས་བརྗོད་དོན་ལྟར་ན། རྒྱ་ནག་གཞུང་གིས་འདས་བའི་ཟླ་བ་༨་ཡས་མས་ཤིག་ནས་སྲིད་ཇུས་དེ་འདྲ་ཞིག་ལག་ལེན་བསྟར་འགོ་ཚུགས་སོང་། གང་ཟག་སྒེར་དང་མི་མང་གི་བདེ་འཇགས། ཁོར་ཡུག་གི་བདེ་འཇགས་ལ་སོགས་པའི་བདེ་འཇགས་དོན་ཚན་ཁ་ཤས་ཤིག་ལ་ལན་ཁག་དཀྲིས་ནས་རྒྱ་གཞུང་གིས་བོད་པ་རེ་རེ་བྱས་ནས་ཁྱིམ་ཐོའི་ཨང་གྲངས་ཞིབ་བཤེར། སྐད་འཕྲིན་ཨང་གྲངས་དང་ཁ་པར་ཨང་གྲངས། སྤྱི་དམངས་ཐོབ་དབང་ཡིག་གི་ཨང་གྲངས་བཅས་པ་གཞི་གཅིག་ཏུ་བསྡོམས་ནས་ལག་འཁྱེར་དཔང་ཡིག་ཅིག་བཟོས་ཏེ་ཞིིབ་བཤེར་ས་ཚིགས་གང་འདྲ་ཞིག་ཏུ་སླེབས་ཀྱང་འཕྲུལ་ཆས་ནང་དུ་ཐོབ་ཐང་དབང་ཡིག་བཞག་ནས་བལྟས་ན་མི་དེའི་གནས་ཚུལ་ཆ་ཚང་གསལ་པོར་ཤར་ཡོང་བ་ཞིིག་བཟོས་འདུག འདི་ནི་ཆབ་སྲིད་ལ་འབྲེལ་བ་མེད་པའི་མི་མང་གིི་ཉིན་རིའི་འགྲོ་འདུག་སྤྱོད་གསུམ་དང་ཉིན་རིའི་འཚོ་བའི་འབྲེལ་ལམ་བཅས་ལ་རྒྱ་ནག་གཞུང་གིས་ལྟ་རྟོག་དང་དོགས་ཟོན་བྱེད་ཀྱི་ཡོད་པ་ཡོངས་གྲགས་ལྟ་བུ་ཞིག་ཏུ་གྱུར་འདུག་ཅེས་འགྲེལ་བརྗོད་གནང་སོང་བའི་སྐོར། བལ་ཡུལ་ནས་འདི་གའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་ཀྱིས་བལ་ཡུལ་ནས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG