ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༡༠/༡༨

རྒྱ་གཞུང་གིས་བསྐོ་གཞག་བྱས་པའི་པན་ཆེན་ཟླ་བ་དྲུག་རིང་བོད་དུ་བཞུགས་པའི་རེ་བ་གྲུབ་མེད་པ།


རྒྱ་ནག་གཞུང་གིས་བསྐོ་གཞག་བྱས་པའི་པན་ཆེན་རྒྱལ་མཚན་ནོར་བུ་ཟླ་བ་དྲུག་ལྷག་རིང་བོད་རང་སྐྱོང་ལྗོངས་ཟེར་བའི་ཁུལ་གྱི་ཆབ་མདོ་དང་ལྷ་ས་གཞིས་ལ་རྩེ་བཅས་ལ་རྟོག་ཞིབ་དང་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་ཉེ་ཆར་མཇུག་སྒྲིལ་ཡོད་ཀྱང་རྒྱ་ནག་གཞུང་གིས་རེ་བ་བྱས་པ་ལྟར་བྱུང་མེད་པའི་སྐོར་རང་མིང་བརྗོད་འདོད་མེད་པའི་འབྲེལ་ཡོད་མི་སྣ་ཞིག་གིས་གནས་ཚུལ་བརྗོད་གསལ།

གནས་ཚུལ་ངོ་སྤྲོད་པས་མུ་མཐུད་དུ་བརྗོད་གསལ་ལྟར་ན་རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་ཁང་ནས་གོ་སྒྲིག་བྱས་ཏེ་རྒྱ་ནག་གཞུང་གིས་བསྐོ་གཞག་བྱས་པའི་པན་ཆེན་རྒྱལ་མཚན་ནོར་བུ་ལགས་ཀྱིས་དུས་ཡུན་ཟླ་བ་དྲུག་ལྷག་རིང་དེ་སྔོན་པན་ཆེན་སྐུ་གོང་མ་ཞབས་བཅག་མྱོང་བའི་བོད་ནང་གི་ས་གནས་གཙོ་བོ་ཁག་གསུམ་ཐོག་མར་ཆབ་མདོ་དང་དེ་ནས་ལྷ་ས་གཞི་ཀ་རྩེ་བཅས་ནང་དགོན་སྡེ་ཁག་ཅིག་དང་མང་ཚོགས་ཁྲོད་རྟོག་ཞིབ་དང་ཚོགས་འདུ་ཆོས་ཕྱོགས་ཀྱི་བྱེད་སྒོ་སོགས་བྱེད་སྒོ་མང་པོ་བཀོད་སྒྲིག་བྱས་ཏེ་ཉེ་ཆར་མཇུག་སྒྲིལ་ཡོད་པ་རེད། ཁོང་དེ་སྔོན་ལོ་ལྟར་རྒྱ་ནག་ནས་བོད་ནང་ཐེངས་མང་ཕེབས་ཡོད་ཀྱང་ཐེངས་འདིར་བོད་ལ་བཞུགས་པ་ནི་རྒྱུན་རིང་ཤོས་ཤིག་རེད་རྒྱ་ནག་གཞུང་གིས་རེ་བ་དང་དམིགས་ཡུལ་ག་རེ་ཡོད་མེད་ལ་མ་ལྟོས་པར་རྒྱལ་མཚན་ནོར་བུ་ལགས་ཀྱིས་ད་བར་༧ གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཟུར་ཟ་དང་མཚན་སྨད་ཞུ་མྱོང་མེད་ཙང་བོད་མི་ཚོས་ཁོང་ལ་པན་ཆེན་རིན་པོ་ཆེ་ཡིན་པའི་དད་པ་དང་ངོས་ལེན་ཞུ་གི་མེད་ཀྱང་ཁོང་ལ་མཚན་སྨད་ཞུ་མཁན་ཧ་ལམ་ཉུང་དུ་ཕྱིན་འདུག གལ་སྲིད་གོང་གིས་གོང་ས་མཆོག་ལ་མཚན་སྨད་དང་ཟུར་ཟ་ཚིག་གཅིག་ཞུས་ན་དེར་བོད་མི་མང་གིས་ངོས་ལེན་བྱེ་ཀྱི་མ་རེད་ཡིན་ནའི་དེ་མ་ཡིན་པའི་སྐད་ཅ་ཁག་ཅིག་ནི་འདོད་པ་ཡོད་མེད་ལ་མ་ལྟོས་པར་རྒྱ་ནག་གཞུང་གིས་གཏན་འབེབ་བྱས་པ་ལྟར་ཁོང་གིས་ངེས་པར་དུ་ཤོད་དགོས་ཀྱི་ཡོད་པ་རེད་ཅེས་གནས་ཚུལ་འགྲེལ་བརྗོད་གནང་སོང་།

ཡང་བོད་ནང་བོད་མི་ཚོས་རྒྱལ་མཚན་ནོར་བུ་ལགས་ལ་ཡིད་ཆེད་དང་ངོས་ལེན་ཐོབས་ཐབས་ཆེད་རྒྱ་ནག་གཞུང་གིས་ཕྱི་ཟླ་བརྒྱད་པའི་ནང་པན་ཆེན་སྐུ་གོང་མའི་སྲས་མོ་རིག་འཛིན་དབང་མོ་ཡང་བོད་ནང་སྐད་བཏང་ཏེ་རྒྱལ་མཚན་ནོར་བུ་ལགས་མདུན་དུ་ཁྱེད་ནི་ངའི་ཡབ་དམ་པ་ལྟར་དད་པ་དང་ཡིད་ཆེས་ཞུ་བཞིན་ལུགས་ཤོད་བཅུག་པའི་བརྙན་པར་ཡང་སྤྱི་ཚོགས་དྲ་ལམ་དུ་ཁྱབ་ཡོད་པ་མ་ཟད་གཞིས་ཀ་རྩེར་བཞུགས་རིང་གཞིས་ཀ་རྩེ་འབྲོང་རྩེ་དགོན་གྱི་སྤྲུལ་སྐུ་སེང་ཆེན་བསྟན་པ་རབ་རྒྱས་ལ་དགེ་སློང་གི་སྡོམ་པ་གནང་བ་དང་སྦྲགས། བཀྲ་ཤིས་ལྷུན་པོ་དགོན་གྱི་ན་གཞོན་དགེ་འདུན་པ་ཁག་གཅིག་ལ་དགེ་ཚུལ་གྱི་སྡོམ་པ་གནང་བ་མ་ཟད། དགེ་འདུན་པ་དང་དད་ལྡན་མང་ཚོགས་ལ་ཕྱག་དབང་ཡང་གནང་བ་དེ་ནི་པན་ཆེན་རིན་པོ་ཆེའི་མཚན་སྙན་མཐོ་རུ་ཕྱིན་པ་མཚོན་ཡོད་ལུགས་སོགས་རྒྱ་ནག་གཞུང་འབྲེལ་གྱིས་གནས་ཚུལ་སྤེལ་ཡོད་པ་རེད།

ཡང་ཁ་ས་ཕྱི་ཚེས་༡༣ ཉིན་ཀྲུང་གོའི་བོད་ལྗོངས་སོགས་རྒྱ་ནག་གཞུང་འབྲེལ་གྱི་དྲ་བ་ཁག་ཅིག་ནང་གནས་ཚུལ་བཀོད་པ་ལྟར་ན་ཉེ་ཆར་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་སྐུ་གཞོན། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་གིས་དུས་ཡུན་ཟླ་བ་དྲུག་ལྷག་ཙམ་རིང་བོད་ལྗོངས་སུ་སློབ་སྦྱོང་བརྟག་ཞིབ་དང་ཆོས་ལུགས་མཛད་སྒོ་སྤེལ་གནང་བ་ཡིད་བཞིན་ལེགས་གྲུབ་བྱུང་ཡོད་པ་རེད་ཅེས་དང་པན་ཆེན་རིན་་པོ་ཆེ་བོད་ལྗོངས་སུ་བཞུགས་རིང་།བོད་ལྗོངས་ནང་བསྟན་སློབ་གླིང་དང་། ར་ས་འཕྲུལ་སྣང་གཙུག་ལག་ཁང་། བཀྲ་ཤིས་ལྷུན་པོ་དགོན། འབྲས་སྤུངས་དགོན། བྱམས་པ་གླིང་དགོན། འབྲི་གུང་མཐིལ་དགོན་སོགས་སུ་ཕེབས་ནས་བཀའ་ཆོས་གནང་བ་དང་། ཆོས་ཕྱོགས་མི་སྣས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་བྱེད་པའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་སྐོང་འཚོགས་གནང་ཡོད། རྒྱ་ཆེའི་གྲྭ་བཙུན་རྣམས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་སུ་རྟོག་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་དགོས་པའི་འབོད་སྐུལ་གནང་བ་དང་། གྲྭ་བཙུན་རྣམས་ནས་བོད་བརྒྱུད་ནང་བསྟན་འདི་ཉིད་རྒྱལ་ཁབ་ཀྱི་མདུན་ལམ་དང་། མི་རིགས་ཀྱི་ལས་དབང་། མི་དམངས་ཀྱི་བདེ་སྐྱིད་བཅས་དང་ཟུང་འབྲེལ་བྱ་དགོས་པའི་བླང་བྱ་བཏོན་གནང་བ། གྲྭ་བཙུན་རྣམས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་མ་ལག་གི་འདུ་ཤེས་བརྟན་པོར་འཛུགས་པ་དང་། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ནས། བོད་ལྗོངས་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་མཐོའི་གོང་འཕེལ་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་པའི་བཀའ་མངགས་གནང་ཡོད་པ་རེད་ཅེས་སོགས་གནས་ཚུལ་སྤེལ་འདུག

རྒྱ་གར་ལྷོ་ཕྱོགས་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ཡིན།

XS
SM
MD
LG