ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༤/༡༡/༢༥

ནང་ཆོས་བྷེལ་ཇེམ་གྱི་གཞུང་འབྲེལ་ཆོས་ལུགས་ཨང་༨་པར་ངོས་འཛིན། 


༄༅།། ཡུ་རོབ་རྒྱལ་ཁབ་བྷེལ་ཇེམ་གྱིས་གཞུང་འབྲེལ་ཐོག་ཏུ་སངས་རྒྱས་ལུགས་རྒྱལ་ཁབ་དེའི་གཞུང་འབྲེལ་ཆོས་ལུགས་གྲས་སུ་ངོས་འཛིན་བྱ་རྒྱུའི་ཐག་བཅད། ཕྱི་ཟླ་༣་པའི་ཚེས་༢༠་ཉིན་འཛམ་གླིང་ནང་པའི་འཇུག་སྒོ་གསར་འགྱུར་དྲྭ་ཚིགས་སུ་གནས་ཚུལ་ཐོན་པ་ལྟར་ན། བྷེལ་ཇེམ་ནི་ཡུ་རོབ་མཉམ་འབྲེལ་ཁོངས་སུ་ནང་ཆོས་གཞུང་འབྲེལ་གྱི་ཆོས་ལུགས་སུ་ཁོངས་སུ་ངོས་འཛིན་བྱེད་མཁན་རྒྱལ་ཁབ་ཨང་གསུམ་པར་གྱུར། ད་ནས་བྷེལ་ཇེམ་གྱི་ནང་པའི་སློབ་གྲྭ་ཁག་ལ་ཆོས་ལུགས་གཞན་གྱི་སློབ་གྲྭ་ཁག་དང་འདྲ་བར་དབུས་གཞུང་གི་རོགས་དངུལ་ཐོབ་རྒྱུ་ཡིན་ཞིང་། ཕྱི་ཟླ་༣་པའི་ཚེས་༡༧་ཉིན་བྷེལ་ཇེམ་གཞུང་གིས་ནང་ཆོས་གཞུང་འབྲེལ་གྱི་ཆོས་ལུགས་ཁོངས་སུ་ངོས་འཛིན་བྱ་དགོས་པའི་ཁྲིམས་ཡིག་གི་ཟིན་བྲིས་དེར་མོས་མཐུན་བྱུང་ཡོད་པའི་གནས་ཚུལ་ཐོན་འདུག

བྷེལ་ཇེམ་གྱི་བྷ་ར་སིལ་སི་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། དེང་སྐབས་བྷེལ་ཇེམ་རྒྱལ་ཡོངས་སུ་ནང་པ་ཆོས་དད་པ་མི་གྲངས་འབུམ་༡་དང་ཁྲི་ཚོ་༥་ལྷག་ཡོད་ཅིང་། ཐོག་མར་༡༩༦༠་རེ་གྲངས་སུ་བྷེལ་ཇེམ་ལ་ནང་ཆོས་དར་མགོ་བརྩམས། དེ་ནས་བཟུང་སྟེ་ནང་པའི་ཆོས་རྒྱུད་འདྲ་མིན་གྱི་གྲུབ་མཐའ་ཁག་གི་ཆོས་སྡེ་རྣམས་ཚུགས་ཏེ་ནང་པའི་སྒྲིག་འཛུགས་མང་པོ་བཙུགས། འདས་པའི་ལོ་བཅུ་ཕྲག་མང་པོར་བྷེལ་ཇེམ་གྱི་ནང་པ་ཚོས་རང་གི་ཆོས་སྡེ་འཛིན་སྐྱོང་སྤེལ་གསུམ་གང་ལེགས་ཐུབ་སྟེ་རྒྱལ་ཁབ་དེའི་སྤྱི་ཚོགས་ལ་ལེགས་སྐྱེས་ཕུལ། ༡༩༩༧་ལོར་བྷེལ་ཇེམ་ནང་བསྟན་མཐུན་ཚོགས་བཙུགས་ཏེ་སྒྲིག་འཛུགས་དེའི་ཁྱབ་ཁོངས་སུ་ཆོས་སྡེ་༣༥་འདུས། ༢༠༠༦་ལོའི་ཕྱི་ཟླ་༣་པའི་ནང་བྷེལ་ཇེམ་ནང་བསྟན་མཐུན་ཚོགས་ཀྱིས་དབུས་གཞུང་ལ་སངས་རྒྱས་ཆོས་ལུགས་བྷེལ་ཇེམ་གྱི་གཞུང་འབྲེལ་ཆོས་ལུགས་ཁོངས་སུ་ངོས་འཛིན་བྱ་དགོས་པའི་སྙན་ཞུ་ཕུལ་ནས་ཐོབ་ཐང་བརྩད། ༢༠༠༨་ནས་བཟུང་སྟེ་བྷེལ་ཇེམ་དབུས་གཞུང་གིས་ལོ་ལྟར་ནང་པའི་ཆོས་སྡེ་ཁག་ལ་རོགས་དངུལ་སྤྲད།།

བྷེལ་ཇེམ་གཞུང་གིས་༡༨༣༠་ལོར་ཡེ་ཤུ་གནམ་བདག་ཆོས་ལུགས་དང་འཇིའུ་ཆོས་ལུགས། ༡༨༣༥་ལོར་ཡེ་ཤུའི་འཕྲིན་བཟང་ཆོས་ལུགས་དང་༡༨༧༦་ལོར་ཡེ་ཤུའི་ཆོས་ལུགས་གསར་མའི་འཕྲིན་བཟང་ཆོས་ལུགས། ༡༩༧༤་ལོར་ཁ་ཆེའི་ཆོས་ལུགས། ༡༩༨༥་ལོར་ཡེ་ཤུའི་རྙིང་ཞེན་ཆོས་ལུགས། ༢༠༠༢་ལོར་མི་ཆོས་གུ་ཡངས་རིང་ལུགས། ༢༠༢༣་ལོར་སངས་རྒྱས་ཆོས་ལུགས་རྒྱལ་ཁབ་དེའི་གཞུང་འབྲེལ་ཆོས་ལུགས་སུ་ཁོངས་ངོས་འཛིན་བྱས་ཤིང་། བྷེལ་ཇེམ་གྱི་རྩ་ཁྲིམས་སུ་དབུས་གཞུང་གིས་ཆོས་སྡེ་ཁག་ལ་རོགས་དངུལ་སྤྲད་ནས་སྤྱི་ཚོགས་ལ་ཕན་བདེ་དང་སྤྱི་དམངས་ཀྱི་དགོས་མཁོ་བསྒྲུབ་དགོས། ཆོས་ལུགས་ཀྱི་ལམ་སྟོན་པ་དང་འཐུས་མི་ཚོར་དབུས་གཞུང་གིས་ཕོགས་དང་རྒས་ཕོགས་སྤྲོད་དགོས། ཆོས་སྡེ་དང་ལྷ་ཁང་སོགས་འཛིན་སྐྱོང་དང་ཞིག་གསོ་བཅས་ལ་གཞུང་གིས་རོགས་དངུལ་སྤྲོད་དགོས་ཞེས་འཁོད། བྷེལ་ཇེམ་དབུས་གཞུང་གི་སྐུ་ཚབ་དེ་ནང་བསྟན་མཐུན་ཚོགས་ཁོངས་སུ་འཛུགས་རྒྱུའི་ཐག་གཅོད་བྱུང་འདུག

འཛམ་གླིང་ནང་པའི་འཇུག་སྒོ་དྲྭ་ཚིགས་གསར་ཁང་གིས་མུ་མཐུད་དུ་གནས་ཚུལ་སྤེལ་བ་ལྟར་ན། ༡༩༨༣་ལོར་ཨོ་སི་ཊི་རི་ཡའི་གཞུང་གིས་སངས་རྒྱས་ཆོས་ལུགས་རྒྱལ་ཁབ་དེའི་གཞུང་འབྲེལ་ཆོས་ལུགས་ཁོངས་སུ་ངོས་ལེན་ཐོབ། ༢༠༠༧་ལོར་ཨི་ཊ་ལིའི་ནང་བསྟན་མཐུན་ཚོགས་བཙུགས། ༢༠༡༢་ལོར་ཨི་ཊ་ལིའི་གཞུང་གིས་སངས་རྒྱས་ཆོས་ལུགས་རྒྱལ་ཁབ་དེའི་གཞུང་འབྲེལ་ཆོས་ལུགས་ཁོངས་སུ་ངོས་འཛིན་ཐོབ། བྷེལ་ཇེམ་གྱི་ཁྲིམས་འཛིན་བློན་ཆེན་གྱིས་སངས་རྒྱས་ཆོས་ལུགས་གཞུང་འབྲེལ་གྱི་ཆོས་ལུགས་ཁོངས་སུ་ངོས་འཛིན་བྱ་དགོས་པའི་བཅའ་ཁྲིམས་ཟིན་བྲིས་དེར་རྒྱལ་ཡོངས་གྲོས་ཚོགས་ཀྱིས་ཆོག་མཆན་མ་བཀོད་གོང་དུ་རྒྱལ་ཁབ་ཀྱི་སློབ་སྟོན་ལྷན་ཚོགས་དང་འབྲེལ་ཡོད་ཚོགས་ཆུང་ཁག་གིས་གྲོས་སྡུར་བྱ་དགོས། བྷེལ་ཇེམ་གྱི་ནང་པ་ཚོས་ཡུན་རིང་ངང་སྒུག་བྱས་ཡོད་པ་དང་ཁོ་ཚོར་ངོས་འཛིན་ཐོབ་འོས་པ་ཞིག་རེད་ཅེས་ནན་བརྗོད་བྱས་འདུག

༡༩༡༠་ལོར་བྷེལ་ཇེམ་བ་རྒྱལ་ཁམས་འགྲིམས་པ་དང་རྩོམ་པ་པོ་ཨ་ལིཀ་ཛན་ཌི་ར་ཌེ་ཝི་ཌི་ནེལ་(Alexandra David Neel)གྱིས་རྒྱལ་ཁབ་དེའི་རང་དབང་གི་བསམ་བློ་བའི་ལྷན་ཚོགས་ལ་བྱང་ཆུབ་ཆེན་པོའི་ཆོས་ཚོགས་མཚམས་སྦྱར། འཛམ་གླིང་དམག་ཆེན་དང་པོ་དང་གཉིས་པའི་བར་དུ་བྷེལ་ཇེམ་གྱི་ནང་ཆོས་དོན་གཉེར་ཅན་ཁག་ཅིག་རྒྱལ་ས་བྷ་ར་སིལ་སི་གྲོང་ཁྱེར་དུ་འདུས་ནས་ཚོགས་འདུ་ཚོགས་པའི་བཤད་རྒྱུན་ཞིག་གྲགས། བྷེལ་ཇེམ་གྱི་ནང་པའི་ཆོས་ཚོགས་དང་པོ་ནི་དུས་རབས་སྔོན་མའི་ལོ་རབས་༦༠་པའི་ནང་དུ་ཚུགས། ༢༠༡༩་ལོའི་མི་གྲངས་ཞིབ་བཤེར་སྐབས་སུ་བྷེལ་ཇེམ་ལ་མི་གྲངས་ས་ཡ་༡༡་དང་འབུམ་༦་ཡོད་པ་དེའི་ཁོངས་སུ་ནང་པ་མི་གྲངས་བརྒྱ་ཆ་༠.༣་ཡོད་པ་དང་ཡེ་ཤུའི་ཆོས་ལུགས་ཀྱི་རྗེས་འབྲང་བ་བརྒྱ་ཆ་༦༠་ལྷག ཁ་ཆེའི་ཆོས་ལུགས་ཀྱི་རྗེས་འབྲང་བ་བརྒྱ་༥་དང་འཇིའུ་ཆོས་ལུགས་ཀྱི་རྗེས་འབྲང་བ་བརྒྱ་ཆ་༠.༣། ཆོས་ལུགས་གཞན་པའི་རྗེས་འབྲང་བ་བརྒྱ་ཆ་༤་དང་ཆོས་ལུགས་གང་གི་ཁོངས་སུའང་མི་གཏོགས་པའི་མི་འབོར་བརྒྱ་ཆ་༣༡་ཡོད་པར་མ་ཟད། བྷེལ་ཇེམ་གྱི་ནང་བསྟན་མཐུན་ཚོགས་ནི་རྒྱལ་ཁབ་དེའི་ནང་པའི་ཚོགས་སྡེ་ཁག་གི་སྐུ་ཚབ་འབའ་ཞིག་ཏུ་ངོས་འཛིན་བྱ་རྒྱུའི་ཐག་གཅོད་བྱུང་བའི་གནས་ཚུལ་ཐོན་འདུག

XS
SM
MD
LG