ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༩/༡༩

བྷའི་ཌན་གྱིས་གལ་སྲིད་ཊམ་ལ་ཕམ་ཉེས་བྱུང་ན་སྲིད་དབང་རྩིས་སྤྲོད་ཞི་འཇམ་ལྡན་པ་ཡོང་རེ་མེད་ཅེས་གསུངས།


ཨ་རིའི་སྲིད་འཛིན་ཇོ་བྷའེ་ཌན་
ཨ་རིའི་སྲིད་འཛིན་ཇོ་བྷའེ་ཌན་

ཨ་རིའི་ནང་སྲིད་འཛིན་འོས་བསྡུའི་དྲིལ་བསྒྲགས་གཞི་རྒྱ་ཆེ་ལ་རྣོ་ངར་ལྡན་ཅིང་། ངར་ཤུགས་ཆེ་རུ་སོང་བ་དང་ཆབས་ཅིག སྲིད་འཛིན་འོས་མི་སོ་སོའི་ཁྱད་ཆོས་དང་རྒྱལ་ཁབ་འཛིན་སྐྱོང་བྱེད་ཕྱོགས་ཀྱི་འཆར་སྣང་སོགས་གསལ་འདོན་བྱེད་བཞིན་པའི་སྐབས་འདིར་ཕྱི་ཟླ་བཅིུག་པའི་ཚེས་༥ཉིན་གྱི་འོས་བསྡུ་གྲུབ་མཚམས་སུ་འོས་མི་སུ་ལ་རྒྱལ་ཁ་ཐོབ་པ་ཡིན་ནའང་། སྲིད་དབང་འཕྲལ་དུ་བཟུང་ཐུབ་མིན་ལ་གནས་ཚུལ་གསར་པ་ཞིག་ཐོན་འདུག་ཅིང། དེ་ཡང་གཟའ་ལྷག་པའི་ཉིན་ཨ་རིའི་སྲིད་འཛིན་ཇོ་བྷའེ་ཌན་ལ་ཨ་རིའི་སི་བྷི་ཨེས་གསར་ཁང་གིས་བཅར་འདྲི་བྱས་པའི་ནང་གལ་ཏེ་ད་ལོའི་སྲིད་འཛིན་འོས་བསྡུའི་ནང་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་ཌོ་ནལ་ཊམ་ལ་ཕམ་ཉེས་བྱུང་ཚེ་ཕྱི་ཟླ་དང་པོའི་ནང་སྲིད་དབང་རྩིས་སྤྲོད་ཞི་འཇམ་ལྡན་པ་ཡོང་གི་རེད་དམ་ཞེས་དྲིས་པར་བྷའེ་ཌན་གྱིས་དེའི་ཐད་ངོས་ལ་འདེང་ཚོད་ཡེ་ནས་མེད། ད་བར་ཊམ་གྱིས་གཏམ་བཤད་ནང་བཤད་པ་དེ་ཚོ་ཁོང་རང་གིས་གང་དྲན་པ་དེ་རེད། དེ་ལ་ཡིད་ཟབ་མ་བྱས་ན་ཊམ་གྱིས་གང་བཤད་པ་དེ་ཡོང་གི་རེད། འོས་བསྡུའི་ནང་ཕམ་ཉེས་བྱུང་ན་ཏན་ཏན་ཁྲག་དྲི་བྲོ་བའི་གནས་སྟངས་ཡོང་གི་རེད་ཅེས་གསུངས་འདུག

ཨེན་བྷི་སི་གསར་འགྱུར་ལས་ཁང་གི་གསར་འགོད་པས་ཊམ་གྱི་འོས་བསྡུའི་དྲིལ་བསྒྲགས་ལས་ཁང་ལ་ད་ལམ་སྲིད་འཛིན་བྷའེ་ཌན་གྱིས་འགྲེལ་བརྗོད་གནང་པའི་ནང་དོན་སྐོར་བསམ་ཚུལ་དྲིས་པར་མགྲིན་ཚབ་སི་ཀྲི་ཕེན། ཆཱོང་གིས་གཏམ་བཤད་དེར་ཐད་ཀར་ལན་འདེབས་མ་བྱས་པར་ད་ལོ་སྐུ་ཞབས་ཊམ་ལ་རྒྱལ་ཁ་ཐོབ་སྟེ་ཕོ་བྲང་དཀར་པོའི་ནང་ཕེབས་ཀྱི་རེད། ཁོང་གིས་རྒྱལ་ཁབ་འདི་སླར་ཡང་སྟོབས་ཆེན་བཟོ་ཡི་རེད་ཅེས་ལན་འདེབས་བྱས་འདུག

སྲིད་འཛིན་ཟུར་པ་ཊམ་གྱིས་གོང་གི་གཏམ་བཤད་དེ་ཕྱི་ཟླ་གསུམ་པའི་ནང་ཨོ་ཧ་ཡོ་མངའ་སྡེའི་ནང་འོས་བསྡུའི་དྲིལ་བསྒྲགས་གནང་སྐབས་གསུངས་པ་ཞིག་ཡིན་པ་དང་། དེའི་སྐབས་སུ་ཊམ་གྱིས་ཨ་རིའི་རླང་འཁོར་བཟོ་ཚོང་ཁེ་ལས་ཚོར་ཕྱིའི་རྒྱལ་ཁབ་ཀྱི་འགྲན་རྩོད་ནས་སྲུང་སྐྱོབ་དགོས་ཞེས་གསུངས་དང་། རྗེས་སུ་གོང་གི་གཏམ་བཤད་དེ་ཡང་རླང་འཁོར་བཟོ་ཚོང་དང་འབྲེལ་བའི་ཐོག་གསུངས་པ་ཡིན་ལུགས་གསལ་བཤད་བྱས། དེ་དང་ཕྱོགས་མཚུངས་སྲིད་འཛིན་ཟུར་པ་ཊམ་གྱིས་ཁོང་དང་སྐུ་ཞབས་བྷའེ་ཌན་གཉིས་དབར་ཕྱི་ལོ་༢༠༢༠འི་སྲིད་འཛིན་འོས་བསྡུའི་ནང་འགྲན་རྩོད་གནང་ཡོད་པ་དེ་ནས་ཁོང་ལ་ཕམ་ཉེས་བྱུང་ཡོད་པ་དེར་ད་ལྟའང་ངོས་ལེན་བྱེད་ཀྱི་མེད།

ཡང་འོས་བསྡུའི་གྲུབ་འབྲས་དེར་ཁྲིམས་འགལ་གྱིས་འཕྲུ་སློག་གཏོང་ཐབས་བྱས་པར་ཝ་ཤིང་ཌན་དང་འཇོར་འཇི་ཡ་གཉིས་ཀྱིས་ཊམ་ལ་ཁྲིམས་ཐོག་ནས་ནག་ཉེས་གྱོད་འཛུགས་བྱས་ཡོད་པ་རེད། དེ་བཞིན་སྐུ་ཞབས་ཊམ་གྱིས་ཁོང་ལ་ད་ལོའི་འོས་བསྡུའི་གྲུབ་འབྲས་ནང་ཕམ་ཉེས་བྱུང་ཡིན་ཚེ་སྲིད་དབང་ཞི་འཇམ་ངང་རྩིས་སྤྲོད་ཡོང་རྒྱུར་ཊམ་གྱིས་འགོག་རྐྱེན་བཟོ་ཉེན་ཡོད་པའི་བསམ་ཚུལ་དེ་ནི་ད་བར་ཁོང་གིས་གཏམ་བཤད་དེ་ཚོའི་ནང་ཁོང་གིས་རྒྱལ་པོའམ་ཉིན་མ་དང་པོར་སྲིད་དབང་སྒེར་སྤྱོད་པ་བྱེད་ཀྱི་ཡིན་ཞེས་གསུངས་པ་དེ་ཚོར་གཞི་བཅོལ་གྱི་ཡོད་འདུག ཡང་ད་རེས་ཀྱི་འོས་བསྡུ་འདིའི་ཐོག་ནས་ཨ་རིའི་མང་གཙོར་གཏོར་གཤིག་གཏོང་ཉེན་ཡོད་པ་གསལ་སྟོན་བྱེད་ཀྱི་ཡོད་ཀྱང་། དེ་ནི་ཚོགས་པ་གང་གི་ཁོངས་སུ་གཏོགས་པའི་མི་ལ་དྲིས་ན་ཚོགས་པ་གཞན་དེའི་འོས་མིས་དེ་ལྟར་བྱ་རྒྱུ་ཡིན་པ་བརྗོད་ཀྱི་ཡོད་པ་ལྟར་འོས་མི་གཅིག་ལས་གཞན་དེས་མང་གཙོ་སྲ་བརྟན་དང་གོང་འཕེལ་གཏོང་རྒྱུ་ཡིན་པ་གསལ་པོ་མེད་པ་རེད།

ཨེ་པི་གསར་ཁང་དང་ཨ་རི་རླུང་འཕྲིན་ཁང་གི་གསར་ཁང་ནས་བཏུས།

གསར་འགོད་པ། པདྨ་བདེ་ཆེན།

ཞུ་དག་རྩོམ་སྒྲིག་པ། རྣམ་རྒྱལཤཱསྟྲཱི།

གླེང་སྟེགས།

XS
SM
MD
LG