ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༩/༡༧

བྷ་ཌན་གཞུང་གིས་རྒྱ་ནག་ལ་སྒོ་ཁྲལ་གསལ་བསྒྲགས་གནང་རྒྱུ་ཕར་འགྱངས།


བྷ་ཌན་གཞུང་གིས་རྒྱ་ནག་ལ་སྒོ་ཁྲལ་གསལ་བསྒྲགས་གནང་རྒྱུ་ཕར་འགྱངས།
བྷ་ཌན་གཞུང་གིས་རྒྱ་ནག་ལ་སྒོ་ཁྲལ་གསལ་བསྒྲགས་གནང་རྒྱུ་ཕར་འགྱངས།

ཨ་རིས་རྒྱ་ནག་དང་ཚོང་འབྲེལ་ཐོག་ཧ་ཅང་གྱོང་མཁྲེགས་ཅན་གྱི་སྲིད་ཇུས་འཛིན་བཞིན་པའི་ཁར་བྷ་ཌན་གཞུང་གིས་རྒྱ་ནག་གིས་བཟོས་པའི་གློག་གི་མོ་ཌ་དང་རླང་འཁོར་གྱི་རྗས་སྨན་ཕྲ་རབ། ཕྱེད་གློག་འགུལ་གྱི་འཕྲུལ་རིག་དང་ཉི་འོད་ཀྱི་རྗས་ཕྲ་སོགས་དངོས་ཟོག་མང་པོ་ཞིག་ལ་སྒོ་ཁྲལ་ཧ་ཅང་ཤུགས་ཆེ་འགེལ་རྒྱུ་ཡིན་ཞེས་གཏམ་བཤད་རིམ་པར་གནང་ཡོད་པ་དང་། ལས་དོན་དེའི་མཐའ་མའི་སྒོ་ཁྲལ་ཚད་གཞིའི་ཐོག་ཕྱི་ཟླ་བརྒྱད་པའི་ཚེས་༡ ནང་ཚུན་གསལ་བསྒྲགས་གནང་རྒྱུ་བྱས་ཡོད་ནའང་། ད་ཆ་གསལ་བསྒྲགས་དེ་གནང་རྒྱུ་ཕར་འགྱངས་བྱས་འདུག དེའི་ཐོག་ཨ་རིའི་ཚོང་དོན་སྐུ་ཚབ་ལས་ཁུངས་ཀྱི་མགྲིན་ཚབ་པ་ཞིག་གིས་གཟའ་སྤེན་པའི་ཉིན་གཏམ་བཤད་བྱས་དོན་ལ། ཁོང་རྣམ་པས་ད་དུང་ཡང་ལས་དོན་དེའི་འཆར་གཞིའི་ཐོག་བསྒྱུར་བཅོས་དགོས་པ་ཁག་ལ་བསམ་ཞིབ་བྱེད་མུས་ཡིན་ཞེས་གསལ་སྟོན་བྱས་འདུག རྩ་བའི་ཨ་རིའི་ཚོང་དོན་ལས་ཁུངས་ནས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་འགེལ་ཕྱོགས་གྱི་གནད་དོན་ཐོག་མཐའ་མའི་གསལ་བསྒྲགས་འཕྲལ་དུ་བྱ་རྒྱུ་མིན་པའི་རྒྱུ་མཚན་གང་ཡང་གསལ་ཁ་བཏོན་མེད། ཐབས་ཇུས་དང་རྒྱལ་སྤྱིའི་ཞིབ་འཇུག་ལྟེ་གནས་ཁང་གི་ཚོང་ལས་ཞིབ་འཇུག་སྡེ་ཚན་གྱི་ཚོགས་གཙོ་ཐི་བྷོལཌ་ རྡི་ན་མེས་གྱིས་ཨ་རིའི་རླུང་འཕྲིན་ཁང་ལ་གསུངས་དོན། ད་ལམ་མང་གཙོ་ཚོགས་པས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་གསལ་བསྒྲགས་ཕར་འགྱངས་བྱས་པ་དེ་ཧ་ལས་པའི་གནས་ཚུལ་གང་ཡང་མིན། ལོ་འདི་ཨ་རིའི་སྲིད་འཛིན་གྱི་འོས་བསྡུའི་ལོ་ཡིན་པར་བརྟེན་ མང་གཙོ་ཚོགས་པའི་ངོས་ནས་རྒྱ་ནག་ལ་གྱོང་མཁྲེགས་ཆེ་བའི་སྲིད་ཇུས་བཟུང་བ་དང་ཆབས་ཅིག རྒྱ་ནག་དང་ཚོང་འབྲེལ་བྱས་པའི་ནང་ཨ་རིའི་ཚོང་ལས་སྡེ་ཁག་ལ་ཁེ་བཟང་དང་དེའི་ཐོག་ནས་ཨ་རིའི་དཔལ་འབྱོར་ལ་ཕན་ཐོགས་འབྱུང་ངེས་སོགས་ཕྱོགས་ཚང་མར་བསམ་ཞིབ་བྱེད་དགོས་པ་བརྟེན་མང་གཙོ་ཚོགས་པས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་ཆེ་ཆུང་གང་འདྲ་འགེལ་མིན་ལམ་གསེང་གསལ་ཁ་འདོན་བདེ་པོ་ཡོད་མ་རེད་ཅེས་བརྗོད་འདུག ད་ལྟའི་ཆར་ཨ་རི་གཞུང་གིས་རྒྱ་ནག་གིས་བཟོས་པའི་གློག་གི་མོ་ཌ་ཁག་ལ་སྒོ་ཁྲལ་བརྒྱ་ཆ་བརྒྱ་འགེལ་རྒྱུའི་འཆར་གཞི་ཡོད་པ་དང་གློག་འགྲུལ་གྱི་ཡོ་བྱད་འཕྲུལ་རིག་ལ་སྒོ་ཁྲལ་བརྒྱ་ཆ་ལྔ་བཅུ་དང་། རྡུལ་ཕྲའི་རྗས་སྨན་དང་དྭངས་ལྕགས་དང་ཧ་ཡང་སོགས་ལ་སྒོ་ཁྲལ་བརྒྱ་ཆ་ཉི་ཤུ་རྕ་ལྔ་འགེལ་རྒྱུ་བཅས་ཀྱི་འཆར་གཞི་ཡོད་པ་རེད། ཡིན་ནའང་། ཨ་རིའི་རྒྱལ་ནང་དུ་རྒྱ་ནག་ནས་ནང་འདྲེན་བྱ་རྒྱུའི་དངོས་ཟོག་ལ་སྒོ་ཁྲལ་གསར་པ་དེ་རིགས་བཀལ་ཚེ་ཨ་རིའི་དཔལ་འབྱོར་ལ་གནོད་སྐྱོན་བྱེད་རེད་ཅེས་ཨ་རིའི་བཟོ་ཚོང་ཁེ་ལས་མང་པོ་ཞིག་གིས་ཉེན་བརྡ་བཏང་དང་གཏོང་བཞིན་པ་རེད། དེར་བརྟེན་ད་ལྟའི་ཆར་ད་ཡོད་ཨ་རིའི་གཞུང་གིས་ལས་དོན་དེའི་ཐོག་འཕྲལ་དུ་ཐག་ཆོད་མ་བྱས་པར་ནར་འགྱངས་བྱས་པ་ཆགས་ཀྱི་ཡོད།་

དེའི་བར་ན། ཡུ་རོབ་མཉམ་སྦྲེལ་རྒྱལ་ཁབ་ིཚོས་རྒྱ་ནག་གི་དངོས་ཟོག་ཐོག་སྒོ་ཁྲལ་ཁག་ཅིག་འགེལ་རྒྱུའི་ཐག་ཆོད་བྱུང་ཡོད་ཅིང། ཚོང་དོན་དབྱེ་ཞིབ་པས་གསུངས་ན། ཨ་རི་དང་ཡུ་རོབ་སོགས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་རྒྱ་ནག་གི་དངོས་ཟོག་ཐོག་སྒོ་ཁྲེལ་བཀལ་བ་ཡིན་ན་རྒྱ་ནག་གིས་དེའི་ལན་འདེབས་སུ་རྒྱལ་ཁབ་དེ་དག་གི་ཚོང་ཟོག་ལ་སྒོ་ཁྲལ་འགེལ་སྲིད་པ་མ་ཟད། ནུབ་ཕྱོགས་པ་མིན་པའི་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་ལ་དངོས་ཟོག་ཚོང་སྦྱོར་ཤུགས་ཆེ་རུ་གཏོང་བ་སོགས་བྱེད་སྲིད་པའི་སྔོན་དཔག་བྱེད་ཀྱི་ཡོད།

ཨ་རིའི་རླུང་འཕྲིན་ཁང་གི་གསར་ཁང་ནས་བཏུས།

གསར་འགོད་པ། པདྨ་བདེ་ཆེན།

ཞུ་དག་རྩོམ་སྒྲིག་པ། རྣམ་རྒྱལ་ཤཱསྟྲཱི།

གླེང་སྟེགས།

XS
SM
MD
LG