ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༡༢/༡༧

བོད་ནང་གི་གསེར་ཆེན་རྫོང་ཧྲུས་ནག་ཞང་དུ་ཆུ་ལོག་གི་མི་དྲུག་ལ་སྲོག་སྐྱོན།


བོད་ནང་གི་གསེར་ཆེན་རྫོང་ཧྲུས་ནག་ཞང་དུ་ཆུ་ལོག
བོད་ནང་གི་གསེར་ཆེན་རྫོང་ཧྲུས་ནག་ཞང་དུ་ཆུ་ལོག

ཟླ་བ་འདིས་ཕྱི་ཚེས་༢་ཉིན་བོད་ཀྱི་མཚོ་སྔོན་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཧྲུས་ནག་ཁུལ་དུ་གློ་བུར་དྲག་ཆར་ཤུགས་ཆེར་བྱུང་ནས་ཆུ་ལོག་གིས་མི་དྲུག་ལ་སྲོག་སྐྱོང་བྱུང་བའི་གནས་ཚུལ་འདུག དེ་ཡང་བོད་ནས་མིང་དངོས་སུ་བརྗོད་འདོད་མེད་མཁན་གྱི་གནས་ཚུལ་མཁོ་སྤྲོད་པ་ཞིག་གིས་འདི་ག་རླུང་འཕྲིན་ཁང་ལ་བརྗོད་དོན་ལྟར་ན་རེས་གཟའ་ཟླ་བའི་ཉིན་ཧྲུས་ནག་ཞང་དང་རྟ་ནག་མ་ཕྱོགས་སུ་རི་འགོར་ཆར་བ་ཤུགས་ཆེར་བབས་ཏེ་ཆུ་ལོག་རྒྱུགས་ནས་རི་འདབས་སུ་གཞུང་ལམ་མང་པོ་ཆུས་འཁྱེར་བ་དང་དུས་མཉམ་འགྲོ་འོང་བྱེད་མཁན་གྱི་མང་ཚོགས་འཁྱེར་བའི་རླུང་འཁོར་ཁ་ཤས་ནང་མི་དྲུག་རྐྱེན་འདས་སུ་གྱུར་འདུག་ཅེས་འགྲེལ་བརྗོད་བྱེད་ཀྱི་འདུག

གནས་ཚུལ་ངོ་སྤྲོད་གནང་མཁན་གྱིས་མུ་མཐུད་བརྗོད་དོན་ལ། དེས་མ་ཚད་འབྲོག་པ་མང་ཚོགས་ཀྱི་ཟོག་ལུག་སེམས་ཅན་མང་པོ་ཆུའི་ཁྱེར་ཏེ་གོད་ཆག་ཚབས་ཆེན་བྱུང་སོང་། ད་ལྟའི་ཆར་གང་སར་གཞུང་ལམ་ཆད་དེ་འགྲོ་བསྐྱོད་ལ་དཀའ་ངལ་འཕྲད་མུས་ཡིན་མ་ཟད། རྡོ་དང་འདམ་རྙོག་གིས་ཁེངས་ཏེ་དེ་སྔ་བྱུང་མ་མྱོང་བའི་གནོད་འཚེ་བྱུང་འདུག་ཅེས་བརྗོད་ཀྱི་འདུག དེ་དང་ཆབས་ཅིག་ཕྱི་ཚེས་༡་ཉིན་མཚོ་སྔོན་མཚོ་ཤར་ས་ཁུལ་ཀ་མདོ་དང་ཚུར་འགོར་། རྩ་བ། ཚ་འུག ཁ་སྒང་སྡེ་བ་ཞེས་བའི་སར་དྲག་ཆར་བབས་པ་དང་རི་ཉུལ་བ་དང་དུས་མཉམ་དུ་ཆུ་ལོག་རྒྱུགས་ཏེ་མང་ཚོགས་ཀྱི་སྡོད་ཁང་དང་རྒྱུ་དངོས་མང་པོར་གནོད་སྐྱོན་བྱུང་འདུག་པ་མ་ཟད། དུད་ཚང་སྒེར་གྱི་རླང་འཁོར་མང་པོ་ཆུས་ཁྱེར་ཡོད་པའི་འགྲེལ་བརྗོད་ཀྱང་གནང་གི་འདུགག

ཡང་མཚོ་ལྷོ་ཁུལ་རྩི་ཀོར་ཐང་རྫོང་ནས་རྒྱང་ཐག་སྤྱི་ལེ་༢༠་མཚམས་སུ་ཡོད་པའི་ཐང་ནག་ཕྱོགས་སུ་ཡང་ཆུ་ལོག་བྱུང་སྟེ་གཞུང་ལམ་དང་ཟམ་པ་མང་པོ་ཆུས་འཁྱེར་ཏེ་གཏོར་སྐྱོན་བྱུང་འདུག་པ་དང་། ས་གནས་བོད་མི་ཞིག་གིས་བརྗོད་ན། ས་གནས་དེ་ནི་རྨ་ཆུ་དང་ཧང་ཆུ་འདྲེས་འཚམས་སུ་འཁེལ་ཡོད་པས་རྒྱལ་ཁབ་ཀྱི་མྱུར་བགྲོད་གཞུང་ལམ་ཁ་ཤས་ཡོད་མོད། ད་ལོར་ཆུ་ལོག་གིས་གཞུང་ལམ་དང་ཟམ་པ་ཕལ་ཆེ་བ་གཏོར་སྐྱོན་བྱུང་འདུག་པས་དམའ་མཐར་ཡང་མ་འོངས་བར་ལོ་ངོ་གཉིས་གསུམ་ནང་བསྐྱར་གསོ་བྱེད་དཀའ་མོ་རེད་འདུག་ཅེས་འགྲེལ་བརྗོད་བྱེད་ཀྱི་འདུག དེ་དང་དུས་མཉམ་ས་གནས་མང་ཚོགས་ཀྱི་རྒྱུ་དངོས་དང་ཟོགས་ལུག་ཆུས་ཁྱེར་བའི་གནས་ཚུལ་ཀྱང་བྱུང་འདུག་ཅེས་བརྗོད་ཀྱི་འདུག

རྒྱ་ནག་ནང་དེང་སྐབས་དར་ཆེ་བའི་རྒྱ་སྐད་དུ་ཁེ་ཧྲུག་དང་བོད་སྐད་དུ་མགྱོགས་འཕྲིན་ནང་གནས་ཚུལ་དེ་དང་འབྲེལ་བའི་བརྙན་ཐུང་སྤེལ་ཡོད་པའི་ནང་དུད་ཚང་ཞིག་གི་ལུག་རའི་ནང་ལུག་མང་པོར་འཆི་རྨས་བྱུང་འདུག་པ་དང་། སྒེར་གྱི་རླང་འཁོར་ཆུས་ཁྱེར་བཞིན་པ་མ་ཟད། ཆུ་ལོག་ད་དུང་འཚམས་མ་ཆད་པར་འདམ་རྙོག་ནང་དུ་ཟོགས་ལུག་གི་རོ་ལེན་བཞིན་པའི་རྣམ་པ་སྤེལ་འདུག

བོད་ནས་གནས་ཚུལ་ཁུངས་ནས་བཏུས།

གསར་འགོད་པ། ཀུན་བཟང་བསྟན་འཛིན།
ཞུ་དག་རྩོམ་སྒྲིག་པ། རྣམ་རྒྱལ་ཤཱསྟྲཱི།

གླེང་སྟེགས།

XS
SM
MD
LG