ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༤/༡༡/༢༥

སོག་ཡུལ་དུ་ལོ་༤༢༠༠༠་ཕྱིན་པའི་སྣག་རྡོའི་སྐེ་རྒྱན་ཞིག་རྙེད། 


Khangai Mountains alpine meadow (Photo: wikipedia)
Khangai Mountains alpine meadow (Photo: wikipedia)

༄༅།། སོག་ཡུལ་གྱི་བྱང་ཕྱོགས་སུ་ལོ་༤༢༠༠༠་ཕྱིན་པའི་སྣག་རྡོའི་སྐེ་རྒྱན་ཞིག་རྙེད་ཡོད་ཅིང་། གནའ་རྫས་རིག་པ་བ་ཚོས་སྐྱེས་པའི་ཕོ་མཚན་གྱི་བཟོ་དབྱིབས་འདྲ་བའི་རྒྱན་ཆ་དེ་སྒྱུ་རྩལ་གྱི་ཐོན་རྫས་རྙེད་པ་རྙིང་ཤོས་ཤིག་ཡིན་སྲིད། དེ་ནི་སྔོན་ཆད་ཕོ་མཚན་གྱི་བཟོ་དབྱིབས་ལྟར་བཟོས་པའི་རྒྱན་ཆ་རྙེད་པ་དེ་དག་ལས་ལོ་༢༠༠༠་གི་རྙིང་བ་ཡིན་སྲིད་པའི་གནས་ཚུལ་སྤེལ་འདུག ཕྱི་ཟླ་༦་པའི་ཚེས་༢༢་ཉིན་སྒྱུ་རྩལ་དྲྭ་ཚིགས་སུ་གནས་ཚུལ་ཐོན་པ་ལྟར་ན། ༢༠༡༦་ལོར་སོག་ཡུལ་དུ་རྡོ་ཆས་དུས་ཀྱི་རྒྱན་ཆ་ཞིག་རྙེད། འདས་པའི་ལོ་ཤས་རིང་གནའ་རྫས་རིག་པ་ཚོས་དེ་ལ་བརྟག་དཔྱད་བྱས་ནས་ལོ་༤༢༠༠༠་ཕྱིན་ཡོད་པ་ཤེས་རྟོགས་བྱུང་ཞིང་། གནའ་རྫས་རིག་པ་བ་ཚོས་སོག་ཡུལ་གྱི་ཏོལ་བྷར་(Tolbor)་ས་ཁུལ་གྱི་ཁཱང་གྷའི་རི་བོའི་སྟེང་དུ་རྙེད་པའི་རྡོ་ཆས་དུས་ཀྱི་རྒྱན་ཆ་དེ་རྡོ་ལ་ཨི་ཁུང་ཕུག་སྟེ་སྐུད་པ་བརྒྱུས། མི་ཚོས་སྣག་རྡོའི་རྒྱན་ཆ་དེ་སྐེ་རུ་བཏགས་པ་འདྲ། རྒྱན་ཆ་དེ་རྡོ་ཆས་དུས་སུ་བཟོས་པའི་རྒྱན་ཆ་སྔ་ཤོས་ཀྱི་གྲས་སུ་གཏོགས་ཞེས་བརྟག་དཔྱད་ཀྱི་གྲུབ་དོན་རྣམས་ཕྱིར་བསྒྲགས་བྱས་འདུག

སྣག་རྡོས་བཟོས་པའི་སྐེ་རྒྱན་དེའི་རིང་ཐུང་ནི་སོར་གང་ངམ། ཡང་ན་ཨིན་ཆི་གཅིག་ཀྱང་མེད་པ་དང་ས་གནས་དེར་སྣག་རྡོ་མོད་པོ་མེད་པས་གནའ་རྫས་རིག་པ་བ་ཚོས་སྣག་རྡོའི་རྒྱན་ཆ་དེ་ས་གནས་གཞན་ནས་ཁྱེར་ཡོང་བ་ཡིན་ཤས་ཆེ། སྣག་རྡོའི་སྐེ་རྒྱན་དེ་ཟད་ཡོད་པར་གཞིགས་ན་མི་རབས་མང་པོ་བརྒྱུད་པའི་ཤུལ་བཞག་སྒྱུ་རྩལ་དངོས་རྫས་ཤིག་ཡིན་པའི་རྣམ་པ་འདུག སོག་ཡུལ་དུ་རྙེད་པའི་རྡོ་ཆས་དུས་ཀྱི་སྣག་རྡོའི་སྐེ་རྒྱན་ནི་རྒྱན་ཆ་སྔ་ཤོས་ཀྱི་གྲས་སུ་གཏོགས་པའི་རྟགས་མཚན་མངོན་ཞེས་ཟླ་བ་འདིའི་རང་བྱུང་ཚན་རིག་དུས་དེབ་ནང་དུ་དཔྱད་རྩོམ་སྤེལ། ཧྥ་རན་སིའི་བྷོག་དྷུ་སློབ་གྲྭ་ཆེན་མོའི་གནའ་རྫས་རིག་པ་བ་སོ་ལང་ཇཱི་རི་གྷུ་(Solange Rigaud)་ཡིས་ང་ཚོས་སྤྱི་མཚན་ཙམ་ལས་མེད་པའི་དངོས་རྫས་ཤིག་ལ་བཤད་པ་རྒྱག་དགོས་ན་དེའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་ཞིབ་ཕྲའི་ཁྱད་རྟགས་དེ་ཚོར་བལྟ་དགོས་ཞེས་བསྟན།།

ཨ་རིའི་བྷོ་སི་ཊོན་སློབ་གྲྭ་ཆེན་མོའི་གནའ་རྫས་རིག་པ་མཁས་པ་ཁར་ཊི་སི་རུ་ནེལ་(Curtis Runnels)་གྱིས་བཟོ་དབྱིབས་གསལ་པོ་མེད་པའི་སྣག་རྡོའི་སྐེ་རྒྱན་དེ་ཚོ་ཕོ་མཚན་གྱི་བཟོ་དབྱིབས་ཡིན་པའི་ངེས་པ་རྙེད་དཀའ་ཞེས་རང་བྱུང་ཚན་རིག་དུས་དེབ་ཀྱི་གསར་འགོད་པར་གླེང་མོལ་བྱས་འདུག ཧྥ་རན་སིའི་བྷོག་དྷུ་སློབ་གྲྭ་ཆེན་མོའི་གནའ་རྫས་རིག་པ་བ་ཧྥང་སི་བ་ཌི་རི་ཀོ་ཞེས་པ་ནི་སོག་ཡུལ་དུ་རྙེད་པའི་སྣག་རྡོའི་སྐེ་རྒྱན་དེར་བརྟག་དཔྱད་བྱེད་མཁན་རུ་ཁག་དེའི་ཁོངས་སུ་མེད་མོད། ཁོང་གིས་རང་བྱུང་ཚན་རིག་དུས་དེབ་ཀྱི་གསར་འགོད་པར་ངས་བལྟས་ན་སོག་ཡུལ་དུ་རྙེད་པའི་རྡོ་ཆས་དུས་ཀྱི་སྣག་རྡོའི་སྐེ་རྒྱན་དེར་བརྟག་དཔྱད་བྱེད་མཁན་དང་དཔྱད་རྩོམ་འབྲི་མཁན་གཙོ་བོ་སྟེ། གནའ་རྫས་རིག་པ་བ་སོ་ལང་ཇཱི་རི་གྷུའི་ལྟ་ཚུལ་དེ་འཐད་ལྡན་ཞིག་མཐོང་གི་འདུག་ཅེས་རྒྱབ་སྐྱོར་གྱི་དཔྱད་བརྗོད་སྤེལ།།

རང་བྱུང་ཚན་རིག་དུས་དེབ་ལ་མུ་མཐུད་དུ་གནས་ཚུལ་ཐོན་པ་ལྟར་ན། སོག་ཡུལ་གཅིག་པུ་མ་ཡིན་པར་འཛམ་གླིང་གི་ས་གནས་གཞན་དུའང་འགྲོ་བ་མིའི་མཚན་མའི་བཟོ་དབྱིབས་འདྲ་བའི་རྒྱན་ཆ་དང་རི་མོའི་རིགས་རྙེད་ཀྱི་ཡོད་པ་སྟེ། ཧྥ་རན་སིའི་གྷ་རོ་ཊ་ཤོ་ཝེ་ས་གནས་ཀྱི་བྲག་ཕུག་ནང་དུ་མོ་མཚན་གྱི་བཟོ་དབྱིབས་འདྲ་བའི་རི་མོ་བྲིས་ཡོད་པ་ཀུན་གྱི་མཐོང་ཆོས་སུ་གྱུར། ཡིན་ནའང་རི་མོ་དེ་རྣམས་ལོ་༣༢༠༠༠་ལས་ཕྱིན་མེད་པ་བརྟག་དཔྱད་བྱས་ནས་ཤེས་རྟོགས་བྱུང་། དེ་བཞིན་འཇར་མན་ཎིའི་ཧོར་ཧྥེལ་སི་ས་གནས་སུ་དཔྱིད་ཀྱི་ལྷ་མོའི་མཚན་མ་ཞེས་འབོད་པ་དང་རྒྱུ་ཆ་བ་སོ་ལས་གྲུབ་པའི་བུད་མེད་ཀྱི་ལུས་སྨད་ཅིག་རྙེད། གནའ་རྫས་རིག་པ་བ་ཚོས་དཔྱིད་ཀྱི་ལྷ་མིའི་མཚན་མར་བརྟག་དཔྱད་བྱས་ནས་ལོ་༤༠༠༠༠་ཡས་མས་ཤིག་ཕྱིན་འདུག དེས་ན་སོག་ཡུལ་དུ་རྙེད་པའི་ཕོ་མཚན་དབྱིབས་ལྟའི་སྐེ་རྒྱན་དེ་འཇར་མན་ཡུལ་དུ་རྙེད་པའི་དཔྱིད་ཀྱི་ལྷ་མོའི་མཚན་མ་ལས་ལོ་༢༠༠༠་རྙིང་བ་རེད་ཅེས་མཐའ་སྡོམ་བརྒྱབ།།

ཕྱི་ཟླ་༦་པའི་ཚེས་༢༡་ཉིན་ཨར་ཀེ་ཨོན་གསར་འགྱུར་དྲྭ་ཚིགས་སུ་གནས་ཚུལ་ཐོན་པ་ལྟར་ན། རྒྱལ་སྤྱིའི་གནའ་རྫས་རིག་པའི་རུ་ཁག་ཅིག་གིས་སོག་ཡུལ་དུ་རྙེད་པའི་སྣག་རྡོའི་སྐེ་རྒྱན་དེ་ཧོ་མོ་སེ་ཕེན་(Homo Sepein)་ཞེས་འབོད་པའི་མི་རྒོད་ཀྱི་དུས་སྐབས་དང་ད་ལྟ་འཛམ་གླིང་འདིར་ཡོངས་སུ་རྩ་སྟོང་ཕྱིན་ཚར་བའི་ཌེ་ནི་སོ་ཝན་(Denisovan)་ཞེས་འབོད་པའི་མི་རྒོད་ཀྱི་དུས་སུ་བཟོས་པ་ཡིན་སྲིད། སོག་ཡུལ་གྱི་ས་ཁུལ་དེར་ཧོ་མོ་སེ་ཕེན་དང་ཌེ་ནི་སོ་ཝན་ཞེས་གྲགས་པའི་མི་རྒོད་རིགས་གཉིས་འདུས་ནས་འདྲེས་ཡོད་པ་ཡིན་སྲིད་ཅེས་བཀྲལ། སྣག་རྡོ་ནག་པོའི་སྐེ་རྒྱན་དེའི་རྡོ་ཧྲུག་ཐོག་ཏུ་ཐིག་ཤུར་འགའ་ཞིག་འཐེན་ཡོད་པ་དང་ཐིག་ཤུར་གཉིས་ལ་ཚན་རིག་པ་ཚོ་དོ་སྣང་ཆེན་པོ་བྱུང་། ཚན་རིག་པ་ཚོས་ཐིག་ཤུར་དེ་རྣམས་རྡོ་ཧྲུག་ཐོག་ཏུ་བརྐོས་བརྒྱབ་སྟེ་བསམ་བཞིན་ཕོ་མཚན་གྱི་བཟོ་ལྟ་ཐོན་དུ་བཅུག་པའི་ཚོད་དཔག་བྱས་འདུག

གནའ་རྫས་རིག་པ་བ་ཚོས་ཕྲ་མཐོང་ཆེ་ཤེལ་དང་དེ་མིན་གྱི་ཡོ་བྱད་བཀོལ་ནས་སྣག་རྡོའི་སྐེ་རྒྱན་དེར་བརྟག་དཔྱད་བྱས་ནས་བཤད་པ་བརྒྱབ་པ་ལྟར་ན། རྡོ་ཧྲུག་ཐོག་གི་ཐིག་ཤུར་དེ་རྣམས་མཇེ་དང་རླིག་པའི་དབྱིབས་རིས་ཐོན་དུ་འཇུག་པར་བརྐོས་པར་སྣང་། སྐེ་རྒྱན་དེའི་རྒྱབ་མདུན་གཉིས་ཀ་བརྡར་ནས་འཇམ་ཤ་ཐོན་དུ་བཅུག་འདུག ཧ་ལམ་རླིག་པ་དེ་སྐུད་པ་ཞིག་གིས་བསྡམས་ནས་སྐེ་རུ་རྒྱན་ཆའི་ཚུལ་དུ་བཏགས་ཡོད་པའི་ཚོད་དཔག་གི་གནས་ཚུལ་སྤེལ། གནའ་རྫས་རིག་པ་བ་ཁག་ཅིག་གིས་རྡོ་ཧྲུག་དེ་ལག་ཆ་ཞིག་ཡིན་སྲིད་པ་དང་དེའི་སྟེང་གི་ཐིག་ཤུར་རྣམས་སྐུད་པ་གདག་ས་དང་རྒྱན་ཆའི་ཚུལ་དུ་བཏགས་པ་ཡིན་ས་རེད་ཅེས་གནའ་རྫས་དུས་དེབ་ནང་དུ་རྩོམ་ཡིག་བྲིས་ནས་རྩོད་པ་འཕངས། ཚན་རིག་པ་ཁག་ཅིག་གིས་ཕོ་མཚན་དང་མོ་མཚན་གྱི་བཟོ་ལྟ་འདྲ་བའི་འདོགས་ཆ་དེ་རྣམས་རྒྱན་ཆ་མ་རེད། དེ་ནི་གནའ་སྔ་མོའི་མི་རྒོད་ཚོས་གནོད་པ་འགོག་སྤྱད་དུ་བཏགས་པའི་སྲུང་འཁོར་རེད་ཅེས་འགྲེལ་བཤད་ཐ་དད་ཅིག་རྒྱག་གི་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG