ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༡༡/༢༤

ཁ་ཆེ་ཆོས་ལུགས་རྒྱ་ནག་ཅན་དུ་བསྒྱུར་དགོས་པའི་ཁྲིམས་གསར།


ཞིན་ཅང་དུ་ཁ་ཆེ་ཆོས་ལུགས་རྒྱ་ནག་ཅན་དུ་བསྒྱུར་དགོས་པའི་ཁྲིམས་གསར་བ་སྤེལ་བ།
ཞིན་ཅང་དུ་ཁ་ཆེ་ཆོས་ལུགས་རྒྱ་ནག་ཅན་དུ་བསྒྱུར་དགོས་པའི་ཁྲིམས་གསར་བ་སྤེལ་བ།

རྒྱ་ནག་གཞུང་གིས་ཞིན་ཅང་དུ་ཆོས་ལུགས་དང་འབྲེལ་བའི་ཁྲིམས་གསར་བ་ཞིག་བསྒྲགས་པ་དེ་སྤྱི་ཟླ་༢་ཚེས་༡་ནས་དངོས་སུ་ལག་ལེན་བསྟར་མགོ་བཙུགས་པ་མ་ཟད། དེའི་ནང་དུ་གཙོ་བོ་ཞིན་ཅང་དུ་ཁ་ཆེ་ཆོས་ལུགས་ཀྱི་རྗེས་འབྲངས་པ་མི་རིགས་ཡོངས་ཀྱིས་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་ཆོས་ལུགས་བྱེད་སྒོ་སྤེལ་དགོས་པ་ལས། གྱོན་པ་དང་གཉེན་སྟོན། དུར་མཆོད་སོགས་ཁ་ཆེ་ཆོས་ལུགས་དང་འབྲེལ་མི་ཆོག་པ། ཁ་ཆེ་ལྷ་ཁང་ཁག་གི་བཟོ་བཀོད་དང་མཆོད་གཤམ། སྐུ་འདྲ་སོགས་རྒྱ་ནག་ཅན་དུ་བསྒྱུར་དགོས་པ། ས་གནས་སྲིད་གཞུང་གི་ཆོག་མཆན་མེད་པའི་ཆོས་ལུགས་བྱེད་སྒོ་སྤེལ་མི་ཆོག་པ། ལྷ་ཁང་དང་ཆོས་ཚོགས་ཚང་མ་སྲིད་གཞུང་གིས་ངོས་ལེན་མེད་ན་གསར་འཛུགས་བྱེད་མི་ཆོག་པ་བཅས་ཚུད་འདུག

༼ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་ཆོས་ལུགས་དོ་དམ་ཁྲིམས་ལུགས་༽ཞེས་པའི་ནང་དུ་ཁ་ཆེ་ལྷ་ཁང་གསར་བ་ཡོངས་ཀྱིས་ཆོས་ར་དང་ལྷ་ཁང་འཛུགས་བསྐྲུན་ཁག་ཏུ་ངེས་པར་དུ་རྒྱ་ནག་གི་ཁྱད་ཆོས་དགོས་པ། འཛུགས་བསྐྲུན་དང་བསྐྱར་གསོ་གང་རུང་ཞིན་ཅང་ས་གནས་སྲིད་གཞུང་གི་ཆོག་མཆན་དགོས་པ། ཆོས་ལུགས་འདུ་འཛོམས་རིགས་ལ་ཟླ་གཅིག་གི་སྔོན་ནས་སྲིད་གཞུང་ལ་ཆོག་མཆན་ཞུ་དགོས་པ། དྲ་ལམ་དུ་ཆོས་ལུགས་དང་འབྲེལ་བའི་བརྙན་འཇོག་དགོས་ཚེ་དེའི་ནང་དོན་ལ་ས་གནས་སྲིད་གཞུང་གིས་ངེས་པར་དུ་རྟོགས་ཞིབ་བརྒྱུད་དགོས་པ་བཅས་བཀོད་འདུག

ཞིན་ཅང་དུ་ཆོས་ལུགས་དོ་དམ་གྱི་ཁྲིམས་གསར་བ་ཞིག་བསྒྲགས་པ་འདི་བོད་མི་ཚོར་མཚོན་ན་གསར་བ་ཞིག་མ་ཡིན་ལ། རྒྱ་ནག་གཞུང་གིས་སྤྱི་ལོ་༢༠༡༧་ལོར་བོད་ལྗོངས་ཆོས་ལུགས་ཚོགས་ཆེན་ཐོག་ཏུ་བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་བསྒྱུར་རྒྱུ་ཡོངས་གྲགས་ཀྱིས་ཕྱི་བསྒྲགས་བྱས་པ་ནས། སྤྱི་ལོ་༢༠༢༠་ལོར་རྒྱ་ནག་གཞུང་གིས་བོད་ཀྱི་ལས་དོན་བཞུགས་མོལ་ཚོགས་འདུ་ཞེས་པ་འཚོགས་སྐབས་སུ་རྒྱ་ནག་གི་མགོ་ཁྲིད་ཞིས་ཅིན་པེན་གྱིས་དངོས་སུ་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་རྣམ་པར་བསྒྱུར་ནས་བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་བསྒྱུར་བར་ལས་ཀ་བྱེད་དགོས་པའི་བསྒྲགས་གཏམ་སྤེལ་ཡོད། བོད་རང་སྐྱོང་ལྗོངས་གཙོས་པའི་བོད་རང་སྐྱོང་ཁུལ་སོ་སོའི་ནང་དུ་དེ་མཚུངས་ཀྱིས་ཆོས་ལུགས་འདུ་འཛོམས་ཀྱི་བྱེད་སྒོ་ལ་ངེས་པར་དུ་གཞུང་གི་ཆོག་མཆན་ཞུ་དགོས་པ་དང་སྤྲུལ་སྐུ་ངོས་འཛིན་ལ་རྒྱ་ནག་གི་ངོས་ལེན་དཔང་ཡིག་དགོས་པ། ཆོས་ལུགས་ཀྱི་ལྟ་བའི་འགྲེལ་བཤད་ལ་དེང་དུས་ཀྱི་རྒྱ་ནག་གི་འཕེལ་རྒྱས་དང་རྒྱའི་རིག་གཞུང་གི་དགོས་མཁོ་དང་མཐུན་དགོས་པ་སོགས་བཀོད་ཁྱབ་གཏོང་གི་ཡོད་ལ། ད་ལྟ་ཞིན་ཅང་དུ་སྤེལ་བཞིན་པའི་ཁྲིམས་འདི་བོད་དུ་སྔར་ནས་ལག་ལེན་བསྟར་བཞིན་པ་ཞིག་ཡིན།

དབྱེ་ཞིབ་པ་ཚོས་ཁྲིམས་གསར་བ་འདིའི་ནང་གི་དོན་ཚན་མང་པོ་ཞིག་སྔར་ནས་རྒྱ་ནག་གཞུང་གིས་ས་གནས་སོ་སོར་ལག་བསྟར་བྱེད་བཞིན་པ་ཞིག་ཡིན་ཡང་། ད་ལྟ་ཁྲིམས་ཀྱི་ངོ་བོའི་ཐོག་ནས་བཀོད་ཁྱབ་བཏང་བ་ནི་ཡུ་གུར་བ་གཙོས་པའི་རྒྱ་ནག་གིས་གྲངས་ཉུང་མི་རིགས་ལ་བརྩི་བཞིན་པ་ཡོངས་ཀྱི་ཐོབ་ཐང་ལ་བཙན་གནོན་བྱེད་པའི་གོམ་པ་མདུན་སྤོས་ཤིག་ཏུ་འགྱུར་སྲིད་པའི་ཉེན་བརྡ་བཏང་འདུག

ཝ་ཤིན་ཀྲོན་དུ་རྟེན་གཞི་བྱེད་ཡོད་པའི་དབུས་ཨེ་ཤ་ཡའི་ (The Oxus Society)ཞིབ་འཇུག་ཁང་གི་འགན་འཛིན་ཇཱར་ཌན་(Bradley Jardine) གྱིས། སྲིད་ཇུས་འདི་ནི་ཧ་ཅང་གནད་འགག་ཞིག་རེད། རྒྱ་ནག་གི་ཆོས་ལུགས་དེ་རྒྱལ་སྤྱིའི་དྲ་ལམ་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་འབྲེལ་བ་གཅོད་དུ་བཅུག་ནས། རྒྱ་ནག་དམར་ཤོག་གཞུང་གིས་སྟངས་འཛིན་འོག་ཆོགས་ལུགས་སོ་སོའི་ཁྱབ་ཁོངས་ཀྱི་སྤྱི་ཚོགས་དང་ཆབ་སྲིད་གནས་བབ་ཁེར་རྐྱང་དུ་གནས་བར་བྱེད་རྒྱུའི་ཆེད་དུ་རེད། ཅེས་བརྗོད་འདུག

ཞིན་ཅང་དུ་ཡུ་གུར་བ་ས་ཡ་གཅིག་ལྷག་ལ་ངལ་རྩོལ་བསྒྱུར་བཀོད་བྱེད་བཞིན་པ་སོགས་ཀྱི་ཡིག་ཆ་དང་དཔང་མི་རིམ་པས་ཐོན་པ་ཡིས་རྒྱལ་སྤྱིའི་ནང་གཞུང་འབྲེལ་མིན་པའི་ཚོགས་པ་དང་། རྒྱལ་སྤྱིའི་སྲིད་གཞུང་ཁག་གིས་རྒྱ་ནག་ལ་སྐྱོན་བརྗོད་བྱེད་བཞིན་ཡོད། སྤྱི་ལོ་༢༠༢༢་ལོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཐོ་ཞིག་ཏུ་རྒྱ་ནག་གིས་ཞིན་ཅང་དུ་མི་རིགས་རྩ་མེད་བཟོ་བའི་ནག་ཉེས་གསོག་བཞིན་པའི་དོགས་སློང་བྱས་མྱོང་མོད། འོན་ཀྱང་རྒྱ་ནག་གཞུང་གིས་དེར་ངོས་ལེན་ཞུས་མེད་ལ། ཞིན་ཅང་དུ་སྤེལ་བཞིན་པའི་སྲིད་ཇུས་ནི་འཇིགས་སྐུལ་བ་དང་དྲག་སྤྱོད་པར་གདོང་ལེན་གྱི་ཆེད་དུ་ཡིན་ཞེས་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་ལན་འདེབས་བྱེད་བཞིན་འདུག དེར་བརྟེན་ཐེངས་འདིར་རྒྱ་ནག་གཞུང་གིས་ཞིན་ཅང་གི་ཆོས་ལུགས་དོ་དམ་ཁྲིམས་ལུགས་གསར་བ་འདི་ཕྱི་བསྒྲགས་བྱུང་རྗེས་ལས་འགུལ་བ་མང་པོར་བློ་འཚབ་ཅིག་བསླངས་ཡོད་འདུག དཔེར་ན་ཁཱ་ཛག་སི་ཐན་དུ་ཡོད་པའི་(Atazhurt Eriktileri) ཚོགས་པའི་མཱག་སོག་ཁན་(Bekzat Maksutkyan)གྱིས། ཞིན་ཅང་དུ་རྒྱུན་རིང་ལ་ཆོས་དད་རང་དབང་ཚོད་འཛིན་བྱས་མོད། ཁྲིམས་གསར་བ་འདིས་དེ་སྔོན་ཚོད་འཛིན་དེ་དག་ཚང་མ་ཁྲིམས་མཐུན་ཅན་ལ་བསྒྱུར་བ་རེད་ཅེས་བརྗོད་འདུག

ཞིན་ཅང་དུ་ཁ་ཆེ་ཆོས་ལུགས་རྒྱ་ནག་ཅན་དུ་བསྒྱུར་དགོས་པའི་ཁྲིམས།
ཞིན་ཅང་དུ་ཁ་ཆེ་ཆོས་ལུགས་རྒྱ་ནག་ཅན་དུ་བསྒྱུར་དགོས་པའི་ཁྲིམས།

ཁྲིམས་གསར་བ་དེའི་མཚོན་དོན།

སྤྱི་ལོ་༡༩༤༩་ལོར་རྒྱ་ནག་མི་མང་སྤྱི་་མཐུན་རྒྱལ་ཁབ་ཅེས་པ་བཙུགས་པ་ནས་དམར་ཤོག་ཚོགས་པ་ནི་ལྷ་མེད་སྨྲ་བ་ཡིན་པའི་བསམ་བློས་རྒྱ་ནག་ཏུ་ཆོས་ལུགས་དོ་དམ་དང་དྲག་གནོན་མཚམས་བཞག་མ་མྱོང་ལ། ཞིན་ཅང་དུ་ཆོས་ལུགས་བྱེད་སྒོ་ལ་སྟངས་འཛིན་དོ་དམ་གྱི་སྲིད་ཇུས་ཡོད་ན་ཡང་། ཁྲིམས་གསར་བ་འདིས་སྔར་ལས་ལྷག་པའི་དྲག་གནོན་བྱེད་སྲིད་པ་དབྱེ་ཞིབ་པ་ཚོས་ཚོད་དཔག་བྱེད་བཞིན་འདུག ཡང་ཁྲིམས་གསར་བ་འདིས་ཆོས་ལུགས་བྱེད་སྒོ་ལ་དོ་དམ་སྟངས་འཛིན་བྱེད་རྒྱུ་ཁོ་ན་མིན་པར། ལྷ་ཁང་ཁག་གི་འཛུགས་བསྐྲུན་དང་བཅས་པ་རྒྱ་ནག་ཅན་དུ་བསྒྱུར་རྒྱུ་ཡིན་པ་རེད། ཁྲིམས་དེའི་ནང་དོན་ལྟར་ན། གྱོན་ཆས་དང་གཉེན་སྟོན། དུར་མཆོད་སོགས་མི་རིགས་རིག་གནས་དང་གོམས་གཤིས་ལ་ཆོས་ལུགས་དང་འབྲེལ་བ་མེད་པ་བཟོ་དགོས་པ། ལྷ་ཁང་གི་མཚོན་མདོག་དང་དབྱིབས། སྐུ་འདྲ། མཆོད་གཤོམ་སོགས་རྒྱ་ནག་གི་ཁྱད་ཆོས་ལྡན་དགོས་པར་བཀོད་འདུག

ཡང་རྒྱ་ནག་གཞུང་གིས་ཞིན་ཅང་དུ་ཁ་ཆེ་ལྷ་ཁང་ཁག་གི་རྣམ་པ་རྒྱ་ནག་ཅན་དུ་བསྒྱུར་བཞིན་པ་དེ་གསར་བ་མིན་པར། སྤྱི་ལོ་༢༠༢༠་ལོར་ཨོ་གླིང་གི་འཐབ་ཇུས་ཞིབ་འཇུག་ཁང་གི་སྙན་ཐོ་ཞིག་ཏུ་ཞིན་ཅང་གི་ཁ་ཆེ་ལྷ་ཁང་ཁག་གི་བཟོ་ལྟ་དང་རྣམ་པ་གསར་བསྒྱུར་བྱེད་བཞིན་པ་དང་། སྤྱི་ལོ་༢༠༡༧་ལོའི་རྗེས་ན་ཞིན་ཅང་གི་ཁ་ཆེ་ལྷ་ཁང་གསུམ་ཆ་གཉིས་རྒྱ་ནག་ཅན་དུ་བསྒྱུར་ཟིན་པར་བཀོད་འདུག

དེ་མིན་སྤྱི་ལོ་༢༠༢༣་ལོའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གི་སྙན་ཐོའི་དུ་འཁོད་དོན་ལྟར་ན། བར་སྣང་འཁོར་སྐར་གྱིས་པར་བླངས་པ་ཁག་ནས་མཐོང་བ་ལྟར་ན། རྒྱ་ནག་གཞུང་གིས་ཨ་རབ་ཀྱི་བཟོ་བཀོད་ལྡན་པའི་ཁ་ཆེ་ལྷ་ཁང་ཁག་གི་རྩེ་མོ་སོགས་ཕྱིར་བསྡུ་ཡིས། དེའི་ཚབ་ལ་རྒྱ་ནག་གི་སྲོལ་རྒྱུན་བཟོ་བཀོད་དེ་འདྲ་གསར་བསྒྱུར་བྱས་ཡོད་འདུག སྤྱིར་རྒྱ་ནག་གཞུང་གིས་ཁ་ཆེ་ལྷ་ཁང་ཁག་གི་རྣམ་པ་བསྒྱུར་བཞིན་པར་ཡོངས་གྲགས་ཀྱིས་གསལ་བཤད་བྱེད་མེད་ཀྱང་། སྤྱི་ལོ་༢༠༢༢་ལོའི་སྤྱི་ཟླ་༦་པར་རྒྱ་ནག་གཞུང་གཉེར་གསར་ཁང་ཚོས་སྲོལ་རྒྱུན་དང་རིག་དངོས་ཤུལ་བཞག་སྲུང་སྐྱོབ་བྱེད་ཆེད་དུ་ཁང་པ་དེ་དག་ཕྱིར་བསྡུ་བྱེད་པར་བསྟོད་བསྔགས་བཏང་ཡོད།

ཁྲིམས་གསར་བ་འདིས་ཁ་ཆེ་ལྷ་ཁང་ཁག་ལ་དོ་དམ་བྱེད་རྒྱུ་ལས། ཡང་རྒྱ་ནག་དབུས་གཞུང་གི་༼ཀྲུང་གོའི་ཁ་ཆེའི་ལྷན་ཚོགས་༽ཀྱི་དབང་ཚད་རྒྱ་སྐྱེད་བཏང་ཡོད་འདུག ཨ་རབ་ཀྱི་ཁ་ཆེ་གདན་ས་རྙིང་ཤོས་མཱ་ཀེ་ཁ་ཆེ་ཆོས་ཚོགས་དང་འབྲེལ་བ་ཡོད་པའི་རྒྱ་ནག་གཞུང་འབྲེལ་གྱི་ཁ་ཆེ་ལྷན་ཚོགས་འདིས་ཚོགས་མི ཚོས་གཞི་ནས་ཁ་ཆེ་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ཆོག་པ་རེད་འདུག ཁྲིམས་ལུགས་གསར་པ་འདིའི་དམིགས་ཡུལ་ནི་སྲིད་ཇུས་དེ་དག་ཤུགས་ཆེ་རུ་གཏོང་རྒྱུ་དང་ཁྲིམས་མཐུན་ཅན་དུ་བཏང་ཡོད་པ་རེད།

ཁཱ་ཛག་སི་ཐན་དུ་ཡོད་པའི་(Atazhurt Eriktileri) ཚོགས་པའི་ཁོངས་མི་ཌོ་ལི་བྷེག་(Yerbol Dauletbek)ཡིས རྒྱ་ནག་གིས་འཛམ་གླིང་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཁོ་ཚོས་ཞིན་ཅང་དུ་ནག་ཉེས་ཅན་གྱི་སྲིད་ཇུས་སྤེལ་བཞིན་པ་དེ་ཁྲིམས་མཐུན་ཡིན་པའི་ཁུངས་སྐྱེལ་བྱེད་ཐབས་བྱེད་ཀྱི་ཡོད་པ་དང་། ཁྲིམས་འདི་དེའི་གྲས་ཤིག་རེད།

རྒྱ་ནག་གཞུང་གིས་ཆོས་ལུགས་ལ་དྲག་གནོན་བྱེད་དོན་གང་ཡིན་ནམ།

རྒྱ་ནག་དམར་ཤོག་ཚོགས་པས་ཐད་ཀར་ཆོས་ལུགས་ནི་ཁོ་ཚོའི་དབང་ཆ་འཇོམས་མཁན་གྱི་ཕྱིའི་ཤུགས་རྐྱེན་ཞིག་ཏུ་ངོས་འཛིན་བྱེད་པ་དང་། རྒྱ་ནག་དམར་ཤོག་གཞུང་གིས་རྒྱ་ནག་དམར་ཤོག་ཚོགས་པས་དབང་བསྒྱུར་བྱེད་ཡོད་པའི་མངའ་ཁོངས་སུ་གཏོགས་པ་མི་མང་གི་ཆོས་ལུགས་ཚང་མར་སྟངས་འཛིན་དང་རྒྱ་ནག་ཅན་དུ་བསྒྱུར་བཞིན་པ་རེད། ཆོས་ལུགས་གང་རུང་གི་ཁྱབ་ཁོངས་སུ་ཡོད་པའི་མི་རྣམས་ཀྱི་ཆོས་ལུགས་ཀྱི་ལྟ་བ་དང་། ལུགས་སྲོལ། བཟང་སྤྱོད་བཅས་རྒྱ་ནག་དམར་ཤོག་གཞུང་དང་གཅིག་མཚུངས་སུ་ཉར་དགོས་པའི་སྐུལ་འདེད་གཏོང་གི་ཡོད། སྲིད་གཞུང་གིས་ཆོས་ལུགས་ཚང་མར་སྤྱི་ཁྲིམས་དང་སྤྱི་ཡོངས་ཀྱི་སྲིད་ཇུས་གཅིག་པ་འཛིན་བཞིན་པ་ལས། ལོ་ན་བཅོ་བརྒྱད་མན་ཆད་ཀྱི་མི་རྣམས་ཆོས་ལུགས་ཀྱི་མཛད་སྒོ་ཁག་ལ་ཞུགས་པའམ་དགའ་སྟོན་སྲུང་བརྩི་བྱེད་པ། ཡང་ན་ཆོས་ལུགས་ཀྱི་སློབ་གསོ་གང་རུང་ཞིག་ཐོབ་པ་བཅས་ནི་ཁྲིམས་འགལ་ཡིན་ཞེས་རྒྱ་ནག་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ནང་བཀོད་ཡོད།

རྒྱ་ནག་དམར་ཤོག་གཞུང་གིས་ཡེ་ཤུའི་ཆོས་ལུགས་ཀྱི་མཚོན་རྟགས་རྒྱ་གྲམ་སྒྲོམ་གཞི་རྣམས་གཏོར་བཤིག་བཏང་བ་དང་ཡུ་ཤུ་ལྷ་ཁང་གཏོར་བཤིག་བཏང་བ། ཡུ་ཤུ་བླ་དཔོན་ཚོ་འཛིན་བཟུང་བྱས་པ་བཅས་རྒྱ་ནག་དབུས་གཞུང་གི་འོག་ཏུ་ཡོད་པའི་ཡུ་ཤུ་ཆོས་ལུགས་ཀྱི་ཚོགས་པ་ཁག་གི་ཚོགས་མི་ཚོས་གཞི་ནས་ཆོས་བྱེད་ཆོག་གི་་ཡོད་པ་ལས། རྒྱ་ནག་ཏུ་ཡེ་ཤུའི་ཆོས་ལུགས་པ་ས་ཡ་མང་པོས་གསང་བའི་ངང་ཆོས་བྱེད་བཞིན་ཡོད་པར་བརྗོད།

སྤྱི་ལོ་༢༠༡༢་ལོར་ཞིས་ཅིན་པེན་རྒྱ་ནག་གི་འགོ་ཁྲིད་དུ་གྱུར་བ་ནས་བཟུང་ཡུ་ཤུ་ཆོས་ཚོགས་ཚོའི་གཞུང་ལ་ཐོ་འགོད་བྱེད་བཅུག་ཀྱང་མང་པོ་ལ་གཞུང་གིས་ངོས་ལེན་མ་བྱེད་པར་བརྟེན་ནས་ཆོས་ཚོགས་མང་པོ་སྒོ་བརྒྱབ་ཡོད། ཡང་འདི་ཀ་ཨ་རིའི་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་གྱི་རྩོམ་ཡིག་ཅིག་གི་ནང་དུ་བཀོད་དོན་ལྟར་རྒྱ་ནག་གཞུང་གིས་རྒྱ་བརྒྱུད་ནང་བསྟན་ལ་ཀུ་ཡངས་ཅུང་ཙམ་ཡོད་ཀྱང་། དེ་མིན་པའི་བོད་བརྒྱུད་ནང་བསྟན་གཙོས་པའི་ཆོས་ལུགས་གང་རུང་གི་ཁྱབ་ཁོངས་ཀྱི་མི་མང་ཡོངས་ལ་ལྷ་མེད་སྨྲ་བའི་སྲིད་གཞུང་གི་དྲག་གནོན་འོག་ཏུ་དཀའ་སྡུག་གཅིག་པ་མྱོང་གི་ཡོད་པར་བཀོད་འདུག

གླེང་སྟེགས།

XS
SM
MD
LG