བྷངྒ་ལ་དེཤའི་འགོ་འཁྲིད་ཡུ་ནུས་ཡིས་ཡུལ་དེའི་ཧིན་རྡུ་གྲངས་ཉུང་མི་རིགས་དང་ཐུག་འཕྲད་བྱས།

གྲོང་ཁྱེར་ཅི་ཏ་གྷ་རམ་བཅས་ཀྱི་ནང་ཧིན་རྡུའི་དད་ལྡན་མང་ཚོགས་ཀྱི་ཚེ་སྲོག་དང་། ཚོང་ལས། རྒྱུ་ནོར་ལོངས་སྤྱོད་སོགས་སྲུང་སྐྱོབ་དགོས་པའི་དགོས་འདུན་བཏོན་ཏེ་རྔམ་སྟོན་ཁྲོམ་སྐོར་བྱས་འདུག

Your browser doesn’t support HTML5

བྷངྒ་ལ་དེཤའི་འགོ་འཁྲིད་ཡུ་ནུས་ཡིས་ཡུལ་དེའི་ཧིན་རྡུ་གྲངས་ཉུང་མི་རིགས་དང་ཐུག་འཕྲད་བྱས།

རྒྱ་གར་གྱི་པི་ཀྲི་ཨའེ་གསར་ཁང་གིས་རེས་གཟའ་མིག་དམར་ཉིན་གནས་ཚུལ་སྤེལ་བར་གཞིགས་ན། བྷངྒ་ལ་དེཤའི་བར་བརྒལ་སྲིད་གཞུང་གི་འགོ་འཁྲིད་མོ་ཧཱ་མཱ་དྷི་ཡུ་ནུས་ཡིས་ཡུལ་དེའི་ཧིན་རྡུ་གྲངས་ཉུང་མི་རིགས་དང་ཐུག་འཕྲད་གནང་སྟེ་བྷང་ལ་དེཤའི་གཞུང་ལ་ལམ་སེང་སྐྱོན་བརྗོད་མ་བྱས་གོང་བཟོད་བསྲན་བྱེད་དགོས་པའི་འབོད་སྐུལ་གནང་འདུག དེ་ཡང་ཕྱི་ཚེས་༥ཉིན་བྷངྒ་དེཤའི་སྲིད་བློན་ཤེག་ཧཱ་སི་ནཱས་དགོངས་ཞུ་གནང་སྟེ་དུས་ཡུན་ཆུ་ཚོད་འགའ་ཤས་ཤིག་སོང་རྗེས་བྷངྒ་ལ་དེཤའི་ནང་གནས་སྡོད་བྱེད་མཁན་ཧིན་རྡུ་གྲངས་ཉུང་མི་རིགས་ཀྱི་ཚོང་ལས་བྱ་བཞག་དང་། རྒྱུ་དངོས། ཧིན་རྡུའི་ལྷ་ཁང་སོགས་ལ་གཏོར་བཅོམ་དང་འབྲེལ་བའི་དྲག་ཟིང་གི་གནས་ཚུལ་བྱུང་བའི་རྗེས་ཡུལ་དེའི་བར་བརྒལ་སྲིད་གཞུང་གི་འགོ་འཁྲིད་ཡུ་ནུས་ཀྱིས་ཧིན་རྡུའི་མི་རིགས་ཚོར་ཐུག་འཕྲད་གནང་སྟེ་བཟོད་བསྲན་བྱེད་དགོས་པའི་འབོད་སྐུལ་གནང་འདུག

བྷངྒ་ལ་དེཤའི་ནང་ཡོད་པའི་ཌ་ཀེཤ་ཝ་རི་ཧིན་རྡུའི་ལྷ་ཁང་ནི་སྟོབས་དང་ནུས་པ་ཅན་གྱི་བྱིན་རླབས་ཆེ་བའི་ལྷ་མོའི་ལྷ་ཁང་ཧ་ཅང་རྩ་ཆེར་ངོས་འཛིན་བྱེད་ཀྱི་ཡོད།

བྷངྒ་ལ་དེཤིའི་བར་བརྒལ་སྲིད་གཞུང་གི་འགོ་ཁྲིད་ཡུ་ནུས་ཡིས་གསུངས་པའི་གཏམ་བཤད་ཞིག་ཌེ་ལི་སི་ཀྲར་ཞེས་པའི་ཚགས་པར་གྱིས་ལུང་འདྲེན་བྱས་དོན། “མི་ཚང་མར་ཐོབ་ཐང་འདྲ་མཉམ་དགོས་པ་དང་། ང་ཚོ་ཚང་མ་མི་གཅིག་ཡིན་པའི་འདུ་ཤེས་འཛིན་པའི་ཐོག་ནས་ཐོབ་ཐང་གཅིག་ཡོད། ང་ཚོ་ཕན་ཚུན་དབྱེ་འབྱེད་བྱ་རྒྱུ་མེད། ཐུགས་རྗེ་གཟིགས་ང་ཚོར་རོགས་འདེགས་གནང་རོགས་གནང་། ཚང་མས་བཟོད་བསྲན་བྱེད་དགོས་པ་དང་། བརྟག་དཔྱད་ཞིབ་འཇུག་མཐིལ་ཕྱིན་པ་ཞིག་བྱས་རྗེས་གཞན་ལ་སྐྱོན་བརྗོད་བྱེད་དགོས། ང་ཚོས་ལས་དོན་འཐུས་ཚང་བྱེད་ཐུབ་དང་མ་ཐུབ་གང་ཡང་ཡོང་སྲིད་པ་རེད། གལ་ཏེ་ང་ཚོས་ལས་དོན་འཐུས་ཚང་གང་ཡང་གྲུབ་མ་ཐུབ་པའི་གནས་སྟངས་ཆགས་ཚེ་ གཞི་ནས་ང་ཚོར་སྐྱོན་བརྗོད་བྱས་ན་འོས་ཤིང་འཚམས་པ་རེད། དེ་མིན་ལས་ཀ་འགོ་འཛུགས་མ་བྱས་སྔོན་ནས་ལམ་སེང་སྐྱོན་བརྗོད་བྱ་རྒྱུ་འགོ་འཛུགས་བྱས་པ་ཡིན་ན་འགྲིགས་ཀྱི་མེད་”ཅེས་གསུངས་འདུག

བྷངྒ་ལ་དེཤིའི་ཧིན་རྡུ་གྲངས་ཉུང་མི་རིགས་ཚོས་སྨོན་ལམ་གསོལ་འདེབས་བྱེད་སའི་ཧིན་རྡུའི་ལྷ་ཁང་དང་། ཚོང་ལས་བྱ་བཞག དེ་བཞིན་སྡོད་ཁང་སོགས་ལ་གཏོར་རྒོལ་བཏང་བའི་གནས་ཚུལ་བྱུང་རྗེས་གྲངས་ཉུང་ཧིན་རྡུ་མི་རིགས་སྟོང་ཕྲག་འགའ་ཤས་ཤིག་གིས་གཟའ་འཁོར་སྔོན་མའི་རེས་གཟའ་པ་སངས་དང་སྤེན་པ་གཉིས་ལ་བྷངྒ་ལ་དེཤའི་རྒྱལ་ས་ཌཀྐ་དང་། དེ་བཞིན་ཡུལ་དེའི་བྱང་ཤར་མཚོ་ཁའི་གྲོང་ཁྱེར་ཅི་ཏ་གྷ་རམ་བཅས་ཀྱི་ནང་ཧིན་རྡུའི་དད་ལྡན་མང་ཚོགས་ཀྱི་ཚེ་སྲོག་དང་། ཚོང་ལས། རྒྱུ་ནོར་ལོངས་སྤྱོད་སོགས་སྲུང་སྐྱོབ་དགོས་པའི་དགོས་འདུན་བཏོན་ཏེ་རྔམ་སྟོན་ཁྲོམ་སྐོར་བྱས་འདུག

གཟའ་འཁོར་སྔོན་མའི་རེས་གཟའ་སྤེན་པའི་ཉིན་བྷང་ལ་དེཤའི་བར་བརྒལ་འགོ་ཁྲིད་ཡུ་ནུས་ཡིས་ཡུལ་དེའི་གྲངས་ཉུང་མི་རིགས་ཀྱི་སྤྱི་ཚོགས་ཐོག་གཏོར་རྒོལ་དང་འབྲེལ་བའི་དྲག་ཟིང་སྤེལ་བར་སྐྱོན་བརྗོད་ཤུགས་ཆེ་གནང་བ་དང་ཆབས་ཅིག དེ་ནི་ཧ་ཅང་རྫབ་ཆེན་གྱི་བྱ་སྤྱོད་ཞིག་ཡིན། གཞོན་སྐྱེས་ཚོས་ཡུལ་དེའི་གྲངས་ཉུང་ཧིན་རྡུ་དང་། ཡི་ཤུ ནང་པ་བཅས་ཀྱི་ཆོས་དད་མི་སྣ་རྣམས་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་གནང་འདུག ཉེ་དུས་ཟླ་བ་འདིའི་ཚེས་༥ཉིན་བྷངྒ་ལ་དེཤའི་སྲིད་བློན་ཤེག་ཧ་སི་ནས་སྣེ་ཁྲིད་པའི་སྲིད་གཞུང་མགོ་རྟིང་སློག་པ་ནས་བཟུང་ཡུལ་དེའི་ཧིན་རྡུ་གྲངས་ཉུང་མི་རིགས་གནས་སྡོད་བྱ་ཡུལ་གྱི་རྫོང་སྡེ་ཁག་༥༢ནང་གཏོར་རྒོལ་དང་འབྲེལ་བའི་དྲག་ཟིང་གི་གནས་ཚུལ་ཉུང་མཐར་༢༠༥ཙམ་བྱུང་ཡོད་ལུགས་ཧིན་རྡུའི་ཆོས་དད་མི་སྣའི་སྒྲིག་འཛུགས་ཁག་གཉིས་དང་བྷངྒ་ལ་དེཤིའི་ཧིན་རྡུ་དང་ནང་པ། ཡི་ཤུ་མཐུན་བསྒྲིལ་ལྷན་ཚོགས་བཅས་ཀྱིས་བརྗོད་འདུག

རེས་གཟའ་མིག་དམར་ཉིན་བྷངྒ་ལ་དེཤིའི་བར་བརྒལ་འགོ་ཁྲིད་ཡུ་ནུས་ཡིས་ཡུལ་དེའི་ཧིན་རྡུའི་ལྷ་ཁང་གི་འགོ་ཁྲིད་གཙོས་པའི་ལྷ་ཁང་དེའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་དང་དད་ལྡན་པ་ཁག་ཅིག་ཐུག་འཕྲད་གནང་བའི་རྗེས་བྷངྒ་ལ་དེཤིའི་མང་གཙོའི་རྒྱལ་ཁབ་ཀྱི་མངོན་འདོད་ནི་ཁ་ཆེ་དང་ཧིན་རྡུ། ནང་པ། ཡི་ཤུ་ཞེས་ཁག་ཁག་ལོགས་སུ་དབྱེ་འབྱེད་མ་བྱས་པར་ཚང་མ་འགྲོ་བ་མི་གཅིག་འགྱུར་གྱི་འདུ་ཤེས་འཛིན་དགོས་པ་དང་། བྷངྒ་ལ་དེཤིའི་ནང་དཀའ་ངལ་དུ་མ་ཞིག་འཕྲད་ཡོད་པ་དེ་དག་གི་འབྱུང་ཁུངས་གཙོ་བོ་ནི་གཞུང་གི་འཛིན་སྐྱོང་འཐུས་ཚང་བྱེད་མ་ཐུབ་པའི་རྐྱེན་གྱིས་ཡིན་པ་དང་། ད་ཆ་འཛིན་སྐྱོང་བྱེད་ཕྱོགས་ཀྱི་དཀའ་ངལ་རྣམས་སེལ་དགོས་པ་ཡིན་ཞེས་གསུངས་འདུག

པེ་ཀྲི་ཨའི་གསར་ཁང་དང་ཨེ་པི་གཉིས་ནས་བཏུས།

གསར་འགོད་པ། ་ཀུན་བཟང་སྒྲོལ་མ།

ཞུ་དག་རྩོམ་སྒྲིག་པ། རྣམ་རྒྱལ་ཤཱསྟྲཱི།