ཝི་སི་ཀོན་སིན་གྱི་སློབ་གྲྭ་ཁག་ཏུ་ཨེ་ཤི་ཡའི་མི་རིགས་ཀྱི་ལོ་རྒྱུས་སློབ་ཁྲིད།

ཝི་སི་ཀོན་སིན་མངའ་སྡེའི་སྤྱི་ཁྱབ་ཊོ་ནི་ཨེ་ཝར་སི་

༄༅།། ཨ་མི་རི་ཀའི་ཝི་སི་ཀོན་སིན་མངའ་སྡེའི་གཞུང་གཉེར་སློབ་གྲྭ་ཁག་གི་སྔོན་འགྲོའི་འཛིན་གྲྭ་ནས་འཛིན་རིམ་༡༢་བར་དུ་ཨེ་ཤི་ཡའི་མི་རིགས་ཁག་གི་ལོ་རྒྱུས་སློབ་ཁྲིད་བྱ་དགོས་ཞེས་མངའ་སྡེའི་གྲོས་ཚོགས་ཀྱིས་གྲོས་ཆོད་བཞག་པ་ལྟར་མངའ་སྡེའི་སྤྱི་ཁྱབ་ཀྱིས་ཁྲིམས་ཡིག་དེར་མཚན་རྟགས་བཀོད། ཕྱི་ཟླ་༤་པའི་ཚེས་༤་ཉིན་ཨེ་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཝི་སི་ཀོན་སིན་མངའ་སྡེའི་སྤྱི་ཁྱབ་ཊོ་ནི་ཨེ་ཝར་སི་ཡིས་མོང་པ་དང་དེ་མིན་གྱི་ཨེ་ཤི་ཡའི་ཨ་མི་རི་ཀ་བའི་ཚོགས་སྡེ་ཁག་ང་ཚོའི་མངའ་སྡེ་འདིའི་ལོ་རྒྱུས་དང་རིག་གཞུང་། དཔལ་འབྱོར་དང་མདུན་ལམ་བཅས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། ང་ཚོས་ཐུན་མོང་གི་ལོ་རྒྱུས་ཁག་མཉམ་སློབ་དང་ཝ་སི་ཀོན་སིན་མངའ་སྡེའི་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་མཁན་ཚོར་ཆེ་བསྟོད་ཞུ་དགོས་ཞེས་གཏམ་བཤད་བྱས་འདུག ཝི་སི་ཀོན་སིན་མངའ་སྡེའི་གཞུང་གཉེར་སློབ་གྲྭ་ཁག་ཏུ་མི་རིགས་ནག་པོ་དང་ཨ་རིའི་ཡུལ་བདག་མི་རིགས་ཁག ལཱ་ཊི་ནོ་བཅས་ཨ་རིའི་སྤྱི་དམངས་ཁག་གི་ལོ་རྒྱུས་རྣམས་སློབ་ཀྱི་ཡོད་མོད། ད་ནས་ཨེ་ཤི་ཡའི་མོང་པའི་ལོ་རྒྱུས་ཀྱང་སློབ་གྲྭ་ཁག་ཏུ་བསླབ་དགོས་ཞེས་ཐག་བཅད།།

མོང་པ་ཨ་མི་རི་ཀ་བའི་ཚོགས་སྡེ་

ཝི་སི་ཀོན་སིན་མངའ་སྡེའི་སྤྱི་ཁྱབ་ཀྱིས་གཟའ་ཕུར་བུའི་ཉིན་ཝོ་སོ་གྲོང་རྡལ་གྱི་གཞི་རིམ་སློབ་གྲྭའི་ནང་དུ་མོང་པའི་ལོ་རྒྱུས་སློབ་ཚན་ཁོངས་སུ་འཇུག་དགོས་པའི་ཁྲིམས་ཡིག་ལ་མཚན་རྟགས་བསྐྱོན། ཝོ་སོ་གྲོང་རྡལ་གྱི་མི་འབོར་བརྒྱ་ཆ་༡༢་ཨེ་ཤི་ཡའི་མོང་པ་ཡིན་པ་དང་གྲོང་རྡལ་དེའི་གཞི་རིམ་སློབ་གྲྭའི་སློབ་ཕྲུག་བརྒྱ་ཆ་༢༩.༧་ཨེ་ཤི་ཡའི་མི་རིགས་ཡིན་ཞིང་། མོང་པ་ནི་རྒྱ་ནག་དང་ཝི་ཏེ་ནམ། ལའོ་སི་དང་ཐེ་ལན་ཌི་སོགས་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ཏུ་ཁྱབ་ཡོད་པའི་མི་རིགས་ཤིག་ཏུ་ངོས་འཛིན་ཐོབ། ཝི་ཏེ་ནམ་གྱི་དམག་འཁྲུག་སྐབས་སུ་མོང་པ་ཚོས་ཨ་མི་རི་ཀར་རྒྱབ་སྐྱོར་བྱས་ནས་ཝི་ཏེ་ནམ་གྱི་དམར་ཤོག་ལ་འཐབ། ཧུ་ཀྲི་མིན་གྱིས་འགོ་ཁྲིད་པའི་ཝི་ཏེ་ནམ་གྱི་དམར་ཤོག་ལ་རྒྱལ་ཁ་ཐོབ་པའི་རྗེས་སུ་མོང་པ་རྣམས་ཐེ་ལན་ཌིར་སྐྱབས་བཅོལ་དུ་བྲོས། ཐེ་ལན་ཌི་ནས་ཨོ་གླིང་དང་ཧྥ་རན་སི། ཁེ་ན་ཌ་དང་འཇར་མན་ཎི། ཨ་མི་རི་ཀ་བཅས་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་གཏན་སྡོད་གཞིས་ཆགས་སུ་བསྐྱོད། དེང་སྐབས་ཨ་རི་རྒྱལ་ཡོངས་སུ་མོང་པ་འབུམ་༣་དང་ཁྲི་ཚོ་༦་ལྷག་ཡོད་པའི་གནས་ཚུལ་ཐོན་འདུག

ཝི་སི་ཀོན་སིན་མངའ་སྡེའི་ནང་དུ་མོང་པ་དང་ཨེ་ཤི་ཡའི་མི་རིགས་ཁག་འདུས་སྡོད་བྱེད་བཞིན་ཡོད་པ་ལྟར་བོད་པའང་༩༠༠་ཡས་མས་ཤིག་ཡོད་ཅིང་།

ཝི་སི་ཀོན་སིན་མངའ་སྡེའི་ནང་དུ་མོང་པ་དང་ཨེ་ཤི་ཡའི་མི་རིགས་ཁག་འདུས་སྡོད་བྱེད་བཞིན་ཡོད་པ་ལྟར་བོད་པའང་༩༠༠་ཡས་མས་ཤིག་ཡོད་ཅིང་། བོད་པ་མང་ཆེ་བས་ཝི་སི་ཀོན་སི་སློབ་གྲྭ་ཆེན་མོ་དང་རྒན་གསོ་ཁང་། སྨན་ཁང་ཁག་ཏུ་སྨན་ཞབས་པ་དང་སྨན་ཞབས་པའི་ལས་རོགས་སོགས་སྤྱི་ཚོགས་ཀྱི་རིམ་པ་ཁག་ཏུ་སྲི་ཞུ་བསྒྲུབས་ཏེ་ཨ་མི་རི་ཀའི་བོད་པའི་ཚོགས་སྡེ་ཆེ་གྲས་ཤིག་ཆགས། ལྷག་པར་དུ་༡༩༧༦་ལོར་དགེ་བཤེས་ལྷུན་གྲུབ་བཟོད་པས་ཝི་སི་ཀོན་སིན་མངའ་སྡེའི་ནང་དུ་ཤྭ་བ་ཚལ་ཆོས་ཚོགས་བཙུགས། ཆོས་ཚོགས་དེ་ཨ་མི་རི་ཀ་བ་ཚོར་བོད་བརྒྱུད་ནང་བསྟན་བསླབ་པ་སློབ་གཉེར་བྱ་ཡུལ་ཞིག་དང་མངའ་སྡེ་དེར་གནས་འཁོད་བོད་པ་ཚོ་འདུ་འཛོམས་བྱ་ཡུལ་ཞིག་ཏུ་གྱུར། ༡༩༨༡་ལོར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་ཤྭ་བ་ཚལ་ཆོས་ཚོགས་སུ་དུས་འཁོར་དབང་ཆེན་ཐེངས་བདུན་པ་དེ་སྩལ། ཤྭ་བ་ཚལ་ཆོས་ཚོགས་གསར་འཛུགས་པ་དགེ་བཤེས་ལྷུན་གྲུབ་བཟོད་པ་ནི་༡༩༥༩་ལོར་བོད་ནས་རྒྱ་གར་ལ་བཙན་བྱོལ་དུ་ཕེབས། ཕྱིས་སུ་མེ་ཌི་སན་གྲོང་ཁྱེར་གྱི་ཝི་སི་ཀོན་སིན་སློབ་གྲྭ་ཆེན་མོར་བོད་ཀྱི་ཆོས་རིག་སློབ་ཁྲིད་ཀྱི་ཐུགས་འགན་བཞེས།།

ཨ་རིའི་ཧྥུ་ལོ་རི་ཌི་དང་ནིའུ་ཇར་སི། ཨི་ལི་ནོ་ཡེ་སི་མངའ་སྡེ་གསུམ་གྱི་གཞུང་གཉེར་སློབ་གྲྭ་ཁག་ཏུའང་ཨེ་ཤི་ཡའི་ཨ་རི་བ་ཚོའི་ལོ་རྒྱུས་སློབ་ཁྲིད་བྱ་དགོས་པའི་བཅའ་ཁྲིམས་གཏན་ལ་ཕབ། ཝི་སི་ཀོན་སིན་མངའ་སྡེའི་མི་འབོར་བརྒྱ་ཆ་༣་ཨེ་ཤི་ཡའི་མི་རིགས་ཡིན་རུང་ཕྱི་ལོ་༢༠༠༠་ནས་ཨེ་ཤི་ཡའི་མི་རིགས་ཀྱི་མི་འབོར་བརྒྱ་༨༢་འཕེལ། མོང་པ་ནི་ཝིན་སི་ཀོན་སིན་མངའ་སྡེའི་ཨེ་ཤི་ཡའི་མི་རིགས་མང་ཤོས་ཡིན་པས་མི་རིགས་དེའི་ལོ་རྒྱུས་སློབ་ཚན་ཁོངས་སུ་བཅུག ཝི་སི་ཀོན་སིན་མངའ་སྡེའི་དབྱིན་ཇིའི་དགེ་རྒན་ཀ་བྷི་ཧོང་(Kabby Hong)་གིས་ང་ཚོས་མོང་པ་དང་ཨེ་ཤི་ཡའི་མི་རིགས་ཁག་གི་ལོ་རྒྱུས་རྣམས་སློབ་ཚན་ཁོངས་སུ་འཇུག་དགོས་པའི་འཐབ་རྩོད་བྱས་ནས་ལོ་བཅུ་ལྷག་ཕྱིན་སོང་། ང་ནི་མངའ་སྡེའི་གྲོས་ཚོགས་སུ་ཨེ་ཤི་ཡའི་མི་རིགས་ཀྱི་འཐུས་མི་ཞིག་ཡོད་པ་གཅིག་པུ་དེ་ཡིན། པྲོག་དབྱིབས་ནད་ཡམས་དུས་སུ་ཨེ་ཤི་ཡའི་མི་རིགས་ཁག་ལ་སྡང་ཟུག་ཆེན་པོ་བྱུང་བ་འགོག་ཐབས་ཀྱི་བཅའ་ཁྲིམས་གཏན་འབེབས་བྱས་མྱོང་། མོང་པ་དང་ལའོ་མི་རིགས་སོགས་རྫོང་ཁག་སོ་སོར་གནད་འགག་ཅི་ཙམ་ཆེ་མིན་ངོ་འཕྲོད་དུ་འཇུག་ཐུབ་སོང་ཞེས་བཀྲལ།།

ཨ་མི་རི་ཀ་ནི་ལོ་༥༠༠་ལྷག་གི་གོང་དུ་ཡུ་རོབ་ཀྱི་མི་རིགས་དཀར་པོ་རྣམས་ནུབ་རྒྱ་མཚོ་ཆེན་པོ་བརྒལ་ནས་གཏན་སྡོད་གཞིས་ཆགས་སུ་ལྷགས། ཁོ་ཚོས་ཨ་རིའི་ཡུལ་བདག་མི་རིགས་ཀྱི་ཚོ་ཤོག་ཁག་གི་ས་ཆ་ཕྲོགས་ཏེ་ཁྱིམ་གཞིས་གསར་པ་ཆགས་ནས་དབྱིན་ཇིའི་མི་སེར་སྤེལ་ཡུལ་རྒྱ་བསྐྱེད། ༡༧༧༦་ལོར་ཨ་མི་རི་ཀ་བ་ཚོས་དབྱིན་ཇིའི་གཞུང་ལ་གྱེན་ལོག་བྱས་ནས་རང་བཙན་འཐབ་རྩོད་ཀྱི་དམག་འཁྲུག་བསླངས། འདས་པའི་ལོ་༢༥༠་མ་ཟིན་ཙམ་གྱི་རིང་འཛམ་གླིང་གི་ཕྱོགས་བཞི་མཚམས་བརྒྱད་ཀྱི་མི་རྣམས་ཨ་མི་རི་ཀར་གཏན་སྡོད་གཞིས་ཆགས་པ་ཡོང་སྟེ་མི་རིགས་སྣ་འདུས་ཀྱི་རྒྱལ་ཁབ་ཅིག་གི་རྣམ་པ་ཐོན། དཔེར་ན་དུས་རབས་སྔོན་མའི་ལོ་རབས་༩༠་ནང་ཨ་རིའི་གཞུང་གིས་བོད་པ་༡༠༠༠་ཐམ་པ་ཨ་མི་རི་ཀར་གཏན་སྡོད་གཞིས་ཆགས་སུ་ཡོང་ཆོག་པའི་ཐོབ་ཐང་སྤྲད། བོད་པ་༡༠༠༠་ཐམ་པའི་རྗེས་སུ་བཟའ་ཟླ་བུ་ཕྲུག་ཀྱང་བཟའ་མི་ཟླ་སྒྲིལ་ཁོངས་སུ་ཨ་རིར་བསླེབས། དེང་སྐབས་ཨ་རི་རྒྱལ་ཡོངས་སུ་བོད་པ་༢༠༠༠༠་ཡས་མས་དང་ཁེ་ན་ཌར་བོད་པ་༡༣༠༠༠་ཡས་མས་བཅས་བྱང་ཨ་རིར་ཁྱོན་བསྡོམས་བོད་པ་༣༣༠༠༠་ལྷག་ཡོད་པའི་གནས་ཚུལ་ཐོན་འདུག

བོད་པ་ཚོ་ཨ་མི་རི་ཀར་དུས་ནམ་ཞིག་བསླེབས་པ་དང་ཨ་རིར་བསླེབས་པའི་བོད་པ་དང་པོ་དེ་སུ་ཡིན་མིན་ཐད་བཤད་ཚུལ་མ་འདྲ་བ་ཡོད་ཀྱང་ཝི་ཁི་ཕི་ཌི་ཡ་དྲྭ་ཚིགས་སུ་༡༩༤༨་ལོར་ཏེ་ལོ་རིན་པོ་ཆེ་སྐུ་གོང་མ་དེ་ཇཱོན་ཧོབ་ཀི་སི་སློབ་གྲྭ་ཆེན་མོའི་ཆོས་དགེ་ལ་གདན་འདྲེན་ཞུས་པ་རེད། ༡༩༥༢་ལོར་སྐུའི་གཅེན་པོ་སྟག་འཚེར་རིན་པོ་ཆེ་ཐུབ་བསྟན་འཇིགས་མེད་ནོར་བུ་དང་ཕྱག་རོགས་དོན་གྲུབ་རྒྱལ་མཚན་གཉིས་ཨ་རིར་འབྱོར་བ་རེད། ༡༩༥༥་ལོར་དགེ་བཤེས་དབང་རྒྱལ་ཨ་རིར་འབྱོར་ཏེ་སོག་རིགས་སུ་གཏོགས་པའི་ཀལ་མུག་བ་ཚོས་བླ་མར་བསྟེན། ༡༩༥༨་ལོར་དགེ་བཤེས་དབང་རྒྱལ་གྱིས་ནེའུ་ཇར་སིར་བསླབ་གསུམ་བཤད་སྒྲུབ་གླིང་ཆོས་ཚོགས་སྒོ་ཕྱེ། ༡༩༥༧་ནས་༧༡་བར་དུ་ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱིས་བོད་པའི་འཇབ་དམག་བླངས་ཏེ་ཀོ་ལོ་ར་ཌོ་མངའ་སྡེ་ཀེམྤ་ཧིལ་ལམ། བོད་པ་ཚོས་ལྡུམ་ར་ཞེས་བོད་པའི་ས་གནས་སུ་དམག་སྦྱོང་སྤྲད་པ་རེད། ༡༩༦༠་ཐམ་པའི་ལོར་རོ་ཀེ་ཧྥེ་ལར་ཐེབས་རྩ་ཁང་གིས་བོད་རིག་པའི་ལྟེ་གནས་༨་བཙུགས་ཏེ་བླ་མ་དང་དགེ་བཤེས་མཁས་པ་༡༧་ཨ་མི་རི་ཀར་གདན་འདྲེན་ཞུས་པ་རེད་ཅེས་བོད་པ་ཚོ་ཨ་རིར་ཇི་ལྟར་འབྱོར་མིན་གྱི་རེའུ་མིག་ཅིག་བཀོད་འདུག

༢༠༢༣་ལོའི་ཕྱི་ཟླ་༩་པའི་ཚེས་༢༧་ཉིན་ཨོ་རི་གྷན་སྤྱི་དམངས་རླུང་འཕྲིན་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། དུས་རབས་སྔོན་མའི་ལོ་རབས་༦༠་པའི་ནང་རྒྱ་གར་གྱི་བོད་པ་བཙན་བྱོལ་བའི་ཚོགས་སྡེ་ཁག་ནས་ཨོ་རི་གྷན་མངའ་སྡེར་བོད་པ་ཤིང་གཅོད་པ་འབྱོར་བར་མ་ཟད། ལོ་རབས་༩༠་པའི་ནང་རྒྱ་གར་ནས་བོད་པ་བཙན་བྱོལ་བ་ཚོ་ཨ་རིར་གཏན་སྡོད་གཞིས་ཆགས་སུ་འབྱོར་ནས་ལོ་༣༠་འཁོར་བའི་དུས་དྲན་སྲུང་བརྩི་ཞུས། ཨོ་རི་གྷན་སྤྱི་དམངས་རླུང་འཕྲིན་ཁང་གིས་ཨ་རི་བ་བོད་པ་བྱམས་པ་སྙན་གྲགས་(Jampa Nyendak Lathsang)་ཞེས་པ་ཞིག་ལ་བཅར་འདྲི་ཞུས། ཁོང་གིས་ངས་ཤེས་ཚོད་བྱས་ན་ཨོ་རི་གྷན་མངའ་སྡེའི་ནང་དུ་ལོ་རབས་༦༠་པ་དང་༧༠་པའི་མགོ་སྟོད་དུ་འབྱོར་བའི་བོད་པ་ཤིང་གཅོད་པའི་ཁྱིམ་ཚང་བདུན་བརྒྱད་ཅིག་ལས་མི་འདུག ༡༩༩༣་ལོར་བོད་པ་༧༥་ནས་༩༠་ཙམ་འབྱོར་འདུག ད་ལྟ་ཨ་རིའི་ནུབ་བྱང་མངའ་སྡེ་ཁག་ནས་ཁེ་ན་ཌའི་ཝན་ཁུ་ཝར་སོགས་བསྡོམས་ན་བོད་པ་༢༥༠༠་ནས་༣༠༠༠་ཡས་མས་ཤིག་ཡོད་ངེས་རེད་ཅེས་གསར་འགོད་པའི་དྲི་བར་ལན་བཏབ།།

ཨ་རིའི་མི་འབོར་ཞིབ་བཤེར་གྱི་གཞི་གྲངས་ཁོངས་སུ་འཁོད་པ་ལྟར་ན། ༢༠༢༢་ལོར་ཨ་རི་རྒྱལ་ཡོངས་སུ་ཨེ་ཤི་ཡའི་ཨ་རི་བ་ས་ཡ་༡༩.༡༢་ཡོད་པ་སྟེ། ཨེ་ཤི་ཡའི་མི་རིགས་ཁག་གིས་ཨ་རིའི་མི་འབོར་གྱི་བརྒྱ་ཆ་༧་ལྷག་ཟིན། ཨ་རིའི་ཨེ་ཤི་ཡའི་མི་རིགས་མང་ཤོས་ནི་རྒྱ་གར་བ་དང་རྒྱ་ནག་པ། ཧྥི་ལི་ཕིན་དང་ཝི་ཏེ་ནམ། ཀོ་རི་ཡ་དང་ཉི་ཧོང་བ་སོགས་ཡིན་ཞིང་། ཧར་ཝ་ཌི་སློབ་གྲྭ་ཆེན་མོའི་སྲིད་གཞུང་ཞིབ་འཇུག་སློབ་དཔོན་ཊེ་ཀུ་ལིས་(Taeku Lee)་ཨེ་ཤི་ཡ་དང་ལཱ་ཊི་ནོ་ཨ་མི་རི་ཀ་བ་ཚོར་འོས་འདེམས་དུས་སུ་འོས་བསྡུའི་ལས་འགུལ་བ་ཚོས་འབྲེལ་བ་དེ་ཙམ་བྱེད་ཀྱི་མི་འདུག དེའི་རྒྱུ་མཚན་ནི་ཨ་རིའི་སྤྱི་ཚོགས་སུ་ཨེ་ཤི་ཡའི་མི་རིགས་ཁག་དང་ལཱ་ཊི་ནོ་རྣམས་རྒྱལ་ཁབ་འདིར་འབྱོར་ནས་མི་རབས་གཉིས་ལས་ཕྱིན་ཡོད་པ་མ་རེད། ཁོ་ཚོས་ཨ་མི་རི་ཀའི་ཆབ་སྲིད་ལས་ཀྱང་རང་གི་ཕ་ཡུལ་གྱི་ཆབ་སྲིད་ལ་དོ་སྣང་ཆེ་བ་བྱེད་ཀྱི་ཡོད་པ་རེད་ཅེས་བཤད་ཚུལ་ཞིག་འདུག ཨེ་ཤེ་ཡའི་ཨ་མི་རི་ཀ་བ་དང་ལཱ་ཊི་ནོ་རྣམས་ཨ་མི་རི་ཀའི་འོས་བསྡུར་ཐོ་འགོད་བྱེད་མཁན་ཉུང་བ་ཡིན་རུང་ཆབ་སྲིད་ལ་དོ་སྣང་མེད་པ་མ་རེད་ཅེས་རྩོད་པ་འཕངས་འདུག