༄༅།། ༢༠༢༧་ལོར་རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱས་ནས་དམག་འཁྲུག་ལང་རྒྱུའི་ཉེན་ཁ་འདུག་ཅེས་ཉམས་ཞིབ་པ་ཚོས་མང་དུ་གླེང་། ཨ་རིའི་ཉམས་ཞིབ་པ་ཚོས་རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱེད་མི་ཐུབ་པའི་རྒྱུ་མཚན་༢༦་བཀོད། ཕྱི་ཟླ་དང་པོའི་ཚེས་༢༢་ཉིན་ཨེ་ཤི་ཡའི་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཞི་ཅིན་ཕིང་གིས་ཡང་ནས་ཡང་དུ་ཐེ་ཝན་ལ་དམག་རྒྱག་དགོས་ཀྱང་མཚོ་འགག་ཕྱོགས་གཉིས་གཅིག་གྱུར་བྱ་རྒྱུ་ཡིན་ཞེས་བསྒྲགས། ཁོ་པར་ཐེ་ཝན་དང་རྒྱ་ནག་གཉིས་གཅིག་གྱུར་བྱ་རྒྱུའི་ཀུན་སློང་ཡོད་པའང་བདེན། གལ་སྲིད་ཞི་ཅིན་ཕིང་གིས་མཚོ་འགག་ཕྱོགས་གཉིས་གཅིག་གྱུར་བྱེད་ཐུབ་ན་མའོ་ཙེ་ཏུང་སོགས་རྒྱ་ནག་དམར་ཤོག་གི་འགོ་ཁྲིད་སྔོན་མ་ཚོས་བསྒྲུབས་མ་ཐུབ་པ་ཞིག་གིས་ཞི་ཅིན་ཕིང་གིས་འགྲུབ་རྒྱུ་ཡིན་ཞིང་། ཐེ་ཝན་བླངས་པའི་རྗེས་སུ་རྒྱ་ནག་ཉི་ཧོང་ནས་ཐེ་ཝན་དང་ཧྥི་ལི་ཕིན། མ་ལེ་ཤི་ཡ་བཅས་ཀྱིས་བཀག་ཡོད་པའི་ལྕགས་གདང་རིམ་པ་དང་པོ་དེ་བརྒལ་ཐུབ་པ་རེད་ཟེར།།
རྒྱ་ནག་ལྕགས་གདང་དང་པོར་གྲགས་པའི་རྒྱལ་ཁབ་ཁག་གི་བཀག་རྒྱ་དེ་ནས་ཐར་ན་ཞི་བདེ་རྒྱ་ཚོའི་ནང་དུ་དཔུང་འཇུག་བྱ་རྒྱུར་དཀའ་ངལ་མེད་པས་ཉི་ཧོང་མཐའ་བསྐོར། ཨོ་གླིང་ལ་འགྲིམ་འགྲུལ་དང་སྐྱེལ་འདྲེན་བཀག་སྟེ་མདུན་སྐྱོད་བྱས་ནས་ཞི་བདེ་རྒྱ་མཚོའི་ཁུལ་དུ་ཨ་རིའི་ཤུགས་རྐྱེན་ཁྱབ་ཡོད་པ་དེར་ཁ་གཏད་པ་གསར་པ་ཞིག་བསླེབས། རྒྱ་ནག་གིས་ཨ་མི་རི་ཀར་ཐེ་ཝན་སྐྱོབ་ཐུབ་པའི་དཔལ་འབྱོར་གྱི་སྟོབས་ཤུགས་དང་ཆོད་སེམས་གཉིས་ཀ་མི་འདུག ཨ་མི་རི་ཀས་རྡུལ་ཕྲན་མཚོན་ཆ་འཕངས་ནས་རྒྱ་ནག་ལ་འགོག་རྒོལ་བྱེད་མི་ཕོད། ཨེ་ཤི་ཡའི་རྒྱལ་ཁབ་ཁག་གིས་རྒྱ་ནག་ལ་ཁ་གཏད་གཅོག་རྒྱུའི་ཚབ་ཏུ་རང་གི་ཁེ་ཕན་བསྒྲུབས་ནས་བསྟུན་མཁས་བྱ་དགོས་པར་འགྱུར་ཤས་ཆེ། ཞི་བདེ་རྒྱ་མཚོའི་ནང་དུ་ཨ་རིའི་སྟོབས་ཤུགས་ཉམས། རྒྱལ་སྤྱིའི་ཐོག་ཏུ་ཨ་རིའི་ཁས་ལེན་དམ་བཅའ་ཁག་ལ་ཡིད་ཆེས་བརླགས། རྒྱ་ནག་ལ་ས་ཁམས་ཆབ་སྲིད་དང་སེམས་ཁམས་བཅས་ཀྱི་རྒྱལ་ཁ་ཆེན་པོ་ཞིག་ཐོབ་རྒྱུའི་རྩིས་རྒྱག་གི་ཡོད་པའི་གནས་ཚུལ་སྤེལ་འདུག
རྒྱ་ནག་གི་མཚོ་དམག་དང་གནམ་དམག
༢༠༢༤་ལོར་ཨ་རིའི་རྒྱལ་སྲུང་ལྷན་ཁང་ནས་རྒྱ་ནག་གི་དམག་དོན་སྟོབས་ཞེས་སྙན་ཐོ་བཏོན། སྙན་ཐོ་དེར་རྒྱ་ནག་གིས་ཐེ་ཝན་ལ་དམག་རྒྱག་འདོད་ཡོད་ཀྱང་དམག་འཁྲུག་རྒྱག་མི་ཐུབ་པའི་གནད་འགག་༢༦་བཀོད། ཐེ་ཝན་ལ་དམག་རྒྱག་དགོས་ན་ཕྱི་ཟླ་༤་ནས་༡༠་པའི་བར་དུ་མ་གཏོགས་གནམ་གཤིས་འཚུབ་དྲགས་ཏེ་དམག་རྒྱག་མི་ཐུབ། ཐེ་ཝན་ནུབ་ཕྱོགས་ཀྱི་མཚོ་འགྲམ་ཆུང་ཆུང་ཞིག་མ་གཏོགས་རྒྱ་དམག་འབབ་ས་མེད། རྒྱ་དམག་ལ་ཐེ་ཝན་གྱི་གྲུ་ཁ་ཞིག་དགོས་ཀྱང་དེ་ནི་ཐེ་དམག་གིས་བསྲུངས་ཏེ་མི་ལོན། རྒྱ་ནག་གིས་སྔོན་ནས་ཐེ་ཝན་ལྷོ་ཕྱོགས་སུ་ཆགས་པའི་གའོ་ཤུང་གྲོང་ཁྱེར་གྱི་གྲུ་ཁ་རྣམས་ལེན་མི་ཐུབ། རྒྱ་ནག་ལ་དམག་དཔུང་དང་མཚོན་ཆ་སྐྱེལ་འདྲེན་གྱི་གྲུ་གཟིངས་འདང་ངེས་མེད་པ། མཚོ་ཐོག་ནས་དཔུང་འཇུག་བྱ་རྒྱུ་ཤིན་ཏུ་དཀའ་བ། རྒྱ་ནག་གི་སྐམ་མཚོ་གནམ་གྱི་དཔུང་སྡེ་ཁག་གིས་དུས་མཉམ་དུ་འཐབ་འཁྲུག་རྒྱག་མི་ཐུབ་པ་དང་རྒྱ་ནག་ལ་འབབ་གྲུ་ཡོད་ཀྱང་ཨ་རིའི་འབབ་གྲུ་ལྟར་མ་རེད་ཅེས་འཁོད།།
རྒྱ་དམག་གི་ཞན་ཆ་གཙོ་བོ་ནི་མི་དམངས་བཅིངས་འགྲོལ་དམག་ལྐོག་ཟ་རུལ་སུངས་སུ་གྱུར་ཏེ་འཐབ་འཁྲུག་རྒྱག་མི་ཐུབ་པ་དང་ཞི་ཅིན་ཕིང་དམག་དཔོན་ཚོར་བློ་མ་ཁེལ། རྒྱ་དམག་གིས་ཞི་ཅིན་ཕིང་ལ་དབང་ཆ་གཅིག་སྡུད་བྱེད་དུ་འཇུག་གི་མེད་པ་དང་རྒྱ་ནག་གིས་གཞན་ལ་ལད་མོ་བྱེད་ཐུབ་ཀྱང་གསར་གཏོད་མི་ཐུབ་པ། ཨ་རི་ལྟར་རྒྱ་ནག་གི་དམག་དཔོན་ཚོས་རང་ངོས་ནས་ལེན་འགན་འཁྲི་མི་ལེན་པ། རྒྱ་ནག་གི་མི་འབོར་ཉུང་དུ་འགྲོ་བཞིན་པ་དང་ཁྱིམ་ཚང་རེར་ཤུལ་འཛིན་བུ་རེ་རེ་ལས་མེད་པ་རྣམས་དམག་ལ་གཏོང་འདོད་མེད་པ། རྒྱ་ནག་གི་དཔལ་འབྱོར་ལ་གྱོང་གུད་འཕོག་རྒྱུ་དང་རྒྱ་ནག་གི་སྙན་གྲགས་ལ་གནོད་པ། ཐེ་ཝན་ལ་ཟུར་འཇོག་དམག་མི་ས་ཡ་༡་ཡོད་པས་དམག་མི་དང་མི་དམངས་དཀྱུས་མ་རྣམས་རྒྱ་སྟག་ལྟར་འཐབ་འཁྲུག་ལ་ཞུགས། ཐེ་ཝན་གྱི་རྫ་རི་བྲག་རིའི་ཁྲོད་དུ་འཐབ་འཁྲུག་རྒྱག་ཁག་པོ་དང་གྲོང་ཁྱེར་ནང་དུ་དམག་འཁྲུག་རྒྱག་རྒྱུ་ལས་སླ་པོ་མེད་པ། ཨ་རིའི་དམག་ལ་ཉམས་མྱོང་དང་སྦྱོང་བརྡར། མཚོན་ཆ་སོགས་རྒྱ་ནག་ལས་ཡག་ག་ཡོད་པ་དང་ཉི་ཧོང་གིས་ཐེ་ཝན་ལ་སྲུང་སྐྱོབ་བྱ་རྒྱུ་བཅས་བཀོད་འདུག
ཨ་རིའི་རྒྱལ་སྲུང་ལྷན་ཁང་གི་སྙན་ཐོ།
ཨ་རིའི་རྒྱལ་སྲུང་ལྷན་ཁང་གི་སྙན་ཐོ་དེར་དམག་འཁྲུག་གང་འདྲ་ཞིག་ཡིན་རུང་མཇུག་འབྲས་ཚབས་ཆེན་ཞིག་སྨིན་རྒྱུ་ནི་བརྗོད་ཅི་དགོས། ཐེ་ཝན་མཚོ་འགག་ཏུ་དམག་འཁྲུག་རྒྱག་རྒྱུ་དེ་བས་ཀྱང་དཀའ་ངལ་ཆེ། གོང་གི་རྒྱུ་མཚན་དེ་དག་ལ་བརྟེན་ནས་ཞི་ཅིན་ཕིང་གིས་༢༠༢༧་དང་༢༠༣༥། ༢༠༤༩་སོགས་དུས་སྐབས་གང་འདྲ་ཞིག་ཡིན་རུང་ཐེ་ཝན་ལ་དམག་བརྒྱབ་ནས་བཙན་འཛུལ་བྱེད་ཐུབ་རྒྱུ་ཁག་པོ་རེད། དཔེར་ན་༡༩༥༠་ལོར་རྒྱ་ནག་གིས་བྱང་ཀོ་རི་ཡར་བཙན་འཛུལ་བྱས་ཡོད་པའི་དབང་དུ་ཐོངས། རྒྱ་ནག་གིས་ཡ་ལུ་གཙང་པོ་བརྒལ་ནས་བྱང་ཀོ་རི་ཡར་དཔུང་འཇུག་བྱ་དགོས་པས་དམག་འཁྲུག་དེ་དཀའ་ངལ་ཆེན་པོ་ཞིག་བྱུང་ཡོད་ངེས་ཡིན་པས་རྒྱ་ནག་གིས་དམག་འཁྲུག་རྒྱག་ཐུབ་ཡོད་རྒྱུ་མ་རེད། དཔེ་དེ་དང་འདྲ་བར་རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱ་རྒྱུ་ནི་ཤིན་ཏུ་ཁག་པོ་རེད། ཨ་མི་རི་ཀས་རྒྱུ་མཚན་༢༦་པོ་ཞིབ་ཏུ་བཀླགས་ནས་བློ་བདེ་བག་ཕབས་སུ་གནས་པའམ། ཡང་ན་རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱེད་སྲིད་པར་སྔོན་འགོག་གི་གྲ་སྒྲིག་སྔ་ས་ནས་བྱ་རྒྱུའི་གདམ་ཀ་ལས་མེད་ཅེས་བསྟན།།
ཕྱི་ཟླ་དང་པོའི་ཚེས་༢༢་ཉིན་དངུལ་རྩའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། གོ་མིན་ཏང་གི་འཐུས་མི་གྲངས་མང་ཡོད་པའི་ཐེ་ཝན་གྱི་གྲོས་ཚོགས་ནས་ལོ་འདིའི་དངུལ་རྩིས་ཁོངས་ནས་རྒྱལ་སྲུང་འགྲོ་གྲོན་ཁག་ཅིག་བཅག་སྟེ་ཉུང་དུ་སོང་། ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་ནས་ཐེ་ཝན་གཞུང་གིས་རང་གི་སྲུང་སྐྱོབ་འགྲོ་གྲོན་ཚུལ་བཞིན་གཏོང་གི་མི་འདུག གལ་སྲིད་ཨ་མི་རི་ཀས་ཐེ་ཝན་ལ་སྲུང་སྐྱོབ་བྱ་དགོས་ན་སྲུང་སྐྱོབ་ཀྱི་གླ་ཡོན་སྤྲོད་དགོས་ཞེས་ཆ་རྐྱེན་བཏོན། ཐེ་ཝན་གྱི་སྲིད་འཛིན་ཟུར་པ་ཚེ་དབྱིན་ཝེན་དང་སྲིད་འཛིན་ལས་ཐོག་ལེ་ཆི་ཏེ་གཉིས་ཀྱིས་མཚོ་གླིང་དེའི་རྒྱལ་སྲུང་འགྲོ་གྲོན་མང་དུ་བཏང་ཡང་གོ་མིན་ཏང་སོགས་ཀྱི་གྲོས་ཚོགས་འཐུས་མི་ཚོས་མཚོ་འོག་དམག་གྲུ་བཟོ་སྐྲུན་དང་དམག་དོན་འཛིན་སྐྱོང་གི་འགྲོ་གྲོན་བརྒྱ་ཆ་༣༠་ཐམ་པ། ཁ་ལོ་བ་མེད་པའི་འཕུར་གྲུ་བཟོ་སྐྲུན་གྱི་འགྲོ་གྲོན་གསུམ་ཆའི་གཅིག རྒྱལ་སྲུང་ལྷན་ཁང་གི་དྲིལ་བསྒྲགས་འགྲོ་གྲོན་བརྒྱ་ཆ་༦༠་བཅག་སྟེ་མཚོ་གླིང་དེའི་རྒྱལ་སྲུང་ལྷན་ཁང་གི་འཛིན་སྐྱོང་དང་དམག་དོན་ལ་མཁོ་ངེས་ཀྱི་མཚོན་ཆ་བཟོ་སྐྲུན་གྱི་འགྲོ་གྲོན་མེད་པར་གྱུར།།
ཐེ་ཝན་གྱི་གྲོས་ཚོགས།
ཐེ་ཝན་གྱི་སྲིད་འཛིན་དང་གཞུང་འཛིན་དམངས་གཙོ་ཡར་ཐོན་ཚོགས་པས་གོ་མིན་ཏང་གི་འཐུས་མི་ཚོས་རྒྱ་ནག་གི་མངོན་འདོད་སྒྲུབ་ཀྱི་འདུག སྲིད་འཛིན་ལེ་ཆིང་ཏེས་འགོ་ཁྲིད་པའི་ཐེ་ཝན་གཞུང་གི་སྟོབས་ཤུགས་གཅོག་གི་འདུག་ཅེས་སྐྱོན་བཙུགས། ཐེ་ཝན་གྱི་གྲོས་ཚོགས་འཐུས་མི་ཚོས་རྒྱལ་སྲུང་འགྲོ་གྲོན་ཅི་ཙམ་བཅག་ན་མཚོ་གླིང་དེར་རང་སྲུང་གི་ཆོད་སེམས་བརྟན་པོ་མེད་པ་ཕྱི་རུ་བསྟན་པ་རེད་ཅེས་བཀྲལ། རྒྱལ་སྲུང་བློན་ཆེན་གཞོན་པ་པཱོ་ཧུང་ཧུས་(Po Horng-huei)་འཛིན་སྐྱོང་གི་འགྲོ་གྲོན་བཅད་ན་ཐེ་ཝན་གྱི་དམག་གིས་ཉིན་ལྟར་རྒྱ་ནག་གི་འཇིགས་སྐུལ་ལ་གདོང་ལེན་བྱེད་ཀྱི་ཡོད་པ་རྒྱུན་འཁྱོངས་མི་ཐུབ་པར་མ་ཟད། ཁ་ལོ་བ་མེད་པའི་འཕུར་གྲུ་བཟོ་སྐྲུན་གྱི་འགྲོ་གྲོན་བཅད་ན་ཐེ་ཝན་གྱི་དམག་དཔུང་རྒྱ་དམག་གི་རྗེས་སུ་ལུས་པ་རེད། ཡུཀ་རེན་གྱི་དམག་འཁྲུག་གིས་ཁ་ལོ་བ་མེད་པའི་འཕུར་གྲུ་ནི་མེད་ཐབས་མེད་པ་ངོ་འཕྲོད་མོད། འོན་ཀྱང་༢༠༢༥་ལོར་ཐེ་ཝན་གྱི་རྒྱལ་སྲུང་སྟོབས་ཤུགས་བཅག་པ་རེད་ཅེས་སྐྱོན་དཀྲིས།།
ཨེལ་བི་རི་ཇཱི་ཀོལ་བྷི།
སྔ་ལོ་ཐེ་ཝན་གྱི་རྒྱལ་སྲུང་འགྲོ་གྲོན་བརྒྱ་ཆ་༧.༧་སྤར། གྲངས་འབོར་དེས་རྒྱལ་ཡོངས་ཐོན་སྐྱེད་རྩ་འབོར་གྱི་བརྒྱ་ཆ་༢.༢༥་ཟིན། ཨ་མི་རི་ཀས་ཐེ་ཝན་གཞུང་གིས་ཉུང་མཐར་ཡང་རྒྱལ་ཡོངས་ཐོན་སྐྱེད་རྩ་འབོར་གྱི་བརྒྱ་ཆ་༣་དམག་དོན་ལ་འགྲོ་གྲོན་གཏོང་དགོས་ཞེས་ནན་བསྐུལ། སྲིད་འཛིན་ཊམ་གྱིས་མིང་འདོན་བྱས་པའི་རྒྱལ་སྲུང་དྲུང་ཆེ་འོག་མ་ཨེལ་བི་རི་ཇཱི་ཀོལ་བྷིས་(Elbridge Colby)་ཐེ་ཝན་གཞུང་གིས་རྒྱལ་སྲུང་འགྲོ་གྲོན་དགོས་ངེས་ཤིག་གཏོང་གི་མི་འདུག་ཅེས་སྐྱོན་བརྗོད་ཐེངས་འགའ་ཞིག་བྱས་ཤིང་། ཁོ་པས་ཐེ་ཝན་གྱིས་རང་གི་རྒྱལ་སྲུང་འགྲོ་གྲོན་དགོས་ངེས་ཤིག་མ་བཏང་ན་ཨ་མི་རི་ཀས་ཐེ་ཝན་ལ་སྲུང་སྐྱོབ་བྱེད་དགོས་དོན་མེད་ཅེས་ནན་གྱིས་བརྗོད། སྲིད་འཛིན་ཇཱོ་བྷ་ཌན་གྱིས་ཨ་མི་རི་ཀའི་དམག་གིས་ཐེ་ཝན་ལ་སྲུང་སྐྱོབ་བྱ་རྒྱུ་ཡིན་ཞེས་ཐེངས་འགའ་ཞིག་བཤད་ཀྱང་ཌོ་ནལ་ཊམ་གྱིས་དེ་ལྟར་བཤད་རྒྱུ་དཀའ་བར་སྣང་། ཌོ་ནལ་ཊམ་ནས་ཨ་རིའི་དམག་གིས་ཐེ་ཝན་ལ་སྲུང་སྐྱོབ་བྱ་རྒྱུ་ཡིན་ཞེས་བཤད་དགོས་ན་མཚོ་གླིང་དེའི་དམག་དོན་འགྲོ་གྲོན་མང་དུ་གཏོང་དགོས་ཀྱི་འདུག་ཅེས་ཉམས་པ་ཚོས་བཤད་འདུག