པ་ཀིས་ཐན་གྱི་དྲག་སྤྱོད་པ་ཚོས་རྒྱ་ནག་གི་ལས་མིར་གཏོར་རྒོལ་ཅི་ཕྱིར་བྱེད་ཀྱི་ཡོད་དམ།

ཀ་ར་ཅིའི་རྒྱལ་སྤྱིའི་གནམ་ཐང་གི་ཉེ་འཁྲིས་སུ་རྒྱ་ནག་གི་མི་སེར་གཉིས་ལ་འབར་རྗས་ཀྱིས་གཏོར་རྒོལ་བྱས་ཏེ་རྐྱེན་ལམ་དུ་བཏང་འདུག

Your browser doesn’t support HTML5

པ་ཀིས་ཐན་གྱི་དྲག་སྤྱོད་པ་ཚོས་རྒྱ་ནག་གི་ལས་མིར་གཏོར་རྒོལ་ཅི་ཕྱིར་བྱེད་ཀྱི་ཡོད་དམ།

པ་ཀིས་ཐན་གྱི་ཚོང་ལས་གྲོང་ཁྱེར་ཆེ་ཤོས་ཀ་ར་ཅིའི་རྒྱལ་སྤྱིའི་གནམ་ཐང་གི་ཉེ་འཁྲིས་སུ་རྒྱ་ནག་གི་མི་སེར་གཉིས་ལ་འབར་རྗས་ཀྱིས་གཏོར་རྒོལ་བྱས་ཏེ་རྐྱེན་ལམ་དུ་བཏང་འདུག་པ་དང་། དེ་ཡང་རེས་གཟའ་ཉི་མའི་མཚན་མོའི་ཚོུད་ ༡༡ ཙམ་ལ་ཀ་ར་ཅི་རྒྱལ་སྤྱིའི་ཇིནྣཱ་གནམ་ཐང་ཕྱིར་རྒྱ་ནག་གི་མི་སེར་གཉིས་ཡོད་པའི་སྣུམ་འཁོར་ཞིག་ལ་གཏོར་རྒོལ་དེ་བྱས་འདུག་ཅིང་། གཏོར་རྒོལ་དེ་ནི། བདུན་ཕྲག་གཅིག་གི་རྗེས་པ་ཀིས་ཐན་གྱི་རྒྱལ་ས་ཨིས་ལ་མ་བྷཏ་ནང་ཨེ་ཤི་ཡའི་མཉམ་སྦྲེལ་ལྷན་ཁང་ཡི་ཆེས་མཐོའི་ལྷན་འཛོམས་ཚོགས་གྲབས་ཡོད་པའི་སྐབས་འདིར་བྱུང་བ་ཞིག་ཡིན་པ་དང་། གཏོར་རྒོལ་དེ་བྱུང་མ་ཐག་ཡུལ་དེའི་ལྷོ་ནུབ་ཀྱི་མངའ་སྡེ་བྷཱ་ལུ་ཅིསྠཱན་གྱི་རང་བཙན་འཐབ་རྩོད་ཀྱི་ལས་འགུལ་ཚོགས་པ་བྷ་ལུ་ཅིསྠཱན་བཅིང་བཀྲོལ་དམག་མིས་བྱས་ཡོད་པའི་ངོས་ལེན་བྱས་འདུག ཚོགས་པ་དེས་བཤད་གསལ་ལ། སྣུམ་འཁོར་དེའི་ནང་རྒྱ་ནག་གི་འཕྲུལ་ལས་མཁས་པ་ཞིག་དང་། མ་དངུལ་འཛུག་འཇོག་བྱེད་མཁན་རྒྱ་རིགས་འབྱོར་ལྡན་མི་སྣ་ཞིག་ཡོད་པས་ཁོང་ཚོར་དམིགས་ཏེ་གཏོར་རྒོལ་དེ་བྱས་པ་ཡིན་ཞེས་བཤད་འདུག

རྒྱ་ནག་གིས་འདས་པའི་ལོ་བཅུ་ཕྲག་མང་པོའི་རིང་པ་ཀིས་ཐན་དང་ཨཱཕ་གྷཱ་ནིས་ཐན་གཉིས་ལ་དཔལ་འབྱོར་གྱི་རོགས་རམ་བྱེད་ཀྱི་ཡོད་པ་དང་། ཡུལ་གྲུ་དེ་གཉིས་ཀྱི་སྲུང་སྐྱོབ་ཐོག་མ་རྩ་ཁྱོན་ཆེ་འཛུགས་འཇོག་བྱས་འདུག་ཀྱང་། དེང་སང་ཡུལ་དེའི་དྲག་སྤྱོད་ཤོག་ཁ་དང་། འཇིགས་བསྐུལ་རིང་ལུགས་ཚོགས་པ་ཁག་གིས་པ་ཀིས་ཐན་གྱི་འཛུགས་བསྐྲུན་ལས་གཞི་དེ་དག་ལ་དམིགས་ཏེ་གཏོར་རྒོལ་གྱི་ལས་འགུལ་བྱེད་ཀྱི་ཡོད་པ་རེད།

པ་ཀིས་ཐན་གྱི་སྲུང་སྐྱོབ་གནད་དོན་ཞིབ་འཇུག་མི་སྣ་སྐུ་ཞབས་ཊི་པུ་ཡིས་གསུངས་གསལ་ལ་རེས་གཟའ་ཉི་མའི་མཚན་མོ་བྱས་པའི་གཏོར་རྒོལ་དེ་ནི། པ་ཀིས་ཐན་གྱི་བྷཱ་ལུ་ཅིས་ཐན་ཚོགས་པ་དང་། པ་ཀིས་ཐན་གྱི་ཏ་ལེ་བྷཱན་ཚོགས་པ་གཉིས་ཀྱིས་རྒྱ་ནག་གི་མི་སེར་དང་། རྒྱ་ནག་གི་ཚོང་འབྲེལ་ལྟེ་གནས་ཁག་ལ་དམིགས་པའི་གཏོར་རྒོལ་བྱེད་ཀྱི་་ཡོད་པའི་ཆ་ཤས་ཤིག་རེད་ཅེས་འགྲེལ་བརྗོད་བྱས་འདུག

ད་ལམ་གྱི་གཏོར་རྒོལ་དེ་ནི། ལོ་འདི་རང་ལ་རྒྱ་མིའི་མི་སེར་ཚོའི་ཐོག་གཏོར་རྒོལ་བྱེད་ཐེངས་གཉིས་་པ་དེ་ཡིན་པ་དང་། འདི་ལོའི་ཕྱི་ཟླ་གསུམ་པའི་ནང་པ་ཀིས་ཐན་གྱི་ཤང་ལ་རྫོང་སྡེའི་ནང་རང་ལུས་ལ་འབར་རྫས་ཐོགས་པའི་མི་ཞིག་གིས་འབར་རྫས་སྤར་ཏེ་རྒྱ་མི་ལྔ་ལ་སྲོག་སྐྱོན་བཏང་འདུག

རྒྱ་ནག་གིས་པ་ཀིས་ཐན་གྱི་བྷཱ་ལུ་ཅིས་ཐན་མངའ་སྡེའི་ནང་འཛུགས་བསྐྲུན་གྱི་ལས་གཞི་ལག་བསྟར་བྱ་རྒྱུར་ས་གནས་ཀྱི་བྷཱ་ལུཅ་དྲག་སྤྱོད་པ་ཚོས་སྡང་ཟུག་ཆེན་པོའི་ཐོག་ནས་ངོ་རྒོལ་བྱས་ཏེ་གཏོར་བཤིགས་གཏོང་ཐབས་བྱེད་ཀྱི་ཡོད་པ་རེད།

ཡུལ་དེས་རིང་མིན་ཟླ་བ་འདིའི་ཟླ་དཀྱིལ་དུ་ཉིན་གཉིས་ཀྱི་རིང་ཨེ་ཤི་ཡའི་ཧྲང་ཧེའི་མཉམ་སྦྲེལ་མཐུན་ཚོགས་ཀྱི་ཆེས་མཐོའི་ལྷན་འཛོམས་ཀྱི་གྲ་སྒྲིག་བྱེད་ཀྱི་ཡོད་པའི་སྐབས་འདིར། ཡུལ་དེའི་སྲིད་བློན་ཟུར་པ་ཨིམ་རཱན་ཁཱན་གྱི་རྒྱབ་སྐྱོར་བ་ཚོས་རྒྱལ་སའི་ནང་ངོ་རྒོལ་ལས་འགུལ་བྱེད་ཀྱི་ཡོད་པ་དེ་ཚོའི་ཐོག་ལ་ཡང་པ་ཀིས་ཐན་གཞུང་གིས་དམ་དྲག་གནོན་བསྡོམས་ཤུགས་ཆེ་བྱེད་ཀྱི་ཡོད་པ་དང་། ཆེས་མཐོའི་ལྷན་འཛོམས་དེའི་སར་རྒྱ་ནག་གི་སྲིད་བློན་ལི་ཅང་གིས་འགོ་འཁྲིད་པའི་མཐོ་རིམ་སྐུ་ཚབ་ཚོགས་པ་ཞིག་དང་། རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་སོགས་མི་སྣ་མང་པོ་མཉམ་ཞུགས་བྱེད་འཆར་ཡོད་པ་རེད།

ཨེ་པི་གསར་ཁང་ནས་བཏུས།

གསར་འགོད་པ། ཕུན་ཚོགས་ཚེ་རིང་།

ཞུ་དག་རྩོམ་སྒྲིག་པ། རྣམ་རྒྱལ་ཤཱསྟྲཱི།