ཀ་མ་ལ་ ཧེ་རེས་ཡིས་དཀྱིལ་ཤར་སྲིད་བྱུས་ཅི་འདྲ་ཞིག་བཟུང་སྲིད་དམ།

སྲིད་འཛོན་གཞོན་པའམ་མང་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ལྕམ་ཀ་མ་ལ་ ཧེ་རེས་

རེས་གཟའ་མིག་དམར་ཉིན་ཨིས་རལ་གྱི་དམིགས་བསལ་དཔུང་སྡེས་ན་ནིང་ཧ་མས་ཡིས་བཙན་ཉར་བྱས་པའི་མི་གཅིག་ཉེན་སྐྱོབ་ཐུབ་པར་ཕོ་བྲང་དཀར་པོས་དགའ་བསུ་གནང་འདུག་པ་མ་ཟད། ད་ལྟའི་ཨ་རིའི་ཆབ་སྲིད་འཛིན་སྐྱོང་ཁང་གིས་དཀྱིལ་ཤར་ནང་མེ་འཕེན་མཚམས་འཇོག་འབྱུང་ཐབས་གནང་དང་གནང་མུས་རེད། འོན་ཀྱང་དམག་འཁྲུག་འདིའི་གནས་སྟངས་གང་དུ་གྱུར་ནའང་ གཞུང་འཛིན་རྗེས་མ་དེས་མཇུག་མཁྱོང་གནང་རྒྱུའི་ལས་དོན་ཆགས་ངེས་པར་བརྟེན། གལ་ཏེ་ལས་ཐོག་སྲིད་འཛོན་གཞོན་པའམ་མང་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ལྕམ་ཀ་མ་ལ་ ཧེ་རེས་ལ་རྒྱལ་ཁ་ཐོབ་སྟེ་སྲིད་འཛིན་དུ་འོས་འདེམས་བྱུང་ཚེ་ཁོང་གིས་སྐབས་འདིའི་ཆབ་སྲིད་འཛིན་སྐྱོང་དང་མི་འདྲ་བའི་དཀྱིལ་ཤར་ཐོག་སྲིད་བྱུས་ཇི་འདྲ་ཞིག་འཛིན་མིན་ཐད་གནད་དོན་དབྱེ་ཞིབ་པ་ཚོས་སྔོན་དཔག་མང་པོ་ཞིག་བྱེད་ཀྱི་ཡོད་པ་རེད།

རྩ་བའི་ད་བར་ཁོང་སྲིད་འཛིན་འོས་མིར་གཏན་འཁེལ་བྱུང་བ་ནས་བཟུང་གཏམ་བཤད་གནང་བ་ཁག་ལ་གཞིགས་ན། ཁོང་གིས་ཨིས་རལ་ལ་སྲོལ་རྒྱུན་ལྟར་རྒྱབ་སྐྱོར་མུ་མཐུད་གནང་རྒྱུ་ཡིན་པ་མ་ཟད། པ་ལེས་ཐན་ནང་མི་ཆོས་དགེ་བའི་རོགས་རམ་སྦྱོར་ཕྱོགས་ལ་རྒྱབ་སྐྱོར་གསལ་འདོན་གནང་ཡོད། དེ་བཞིན་ཁོང་གིས་ཆི་གྷ་གོ་གྲོང་ཁྱེར་ནང་ཚོགས་པའི་མང་གཙོ་ཚོགས་པའི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐོག་ཚོགས་པའི་སྲིད་འཛིན་འོས་མིར་གཞུང་འབྲེལ་ཐོག་ནས་ངོས་བཞེས་གནང་པའི་གསུང་བཤད་ནང་སྲིད་འཛིན་བྷའི་ཌན་དང་ཁོང་གཉིས་ཀྱིས་དཀྱིལ་ཤར་གྱི་དམག་འཁྲུག་འདི་མཚམས་འཇོག་དང་དེ་བཞིན་ཨིས་རལ་ལ་བདེ་འཇགས་བསྐྲུན་ཕྱོགས། གཏའ་མར་བཙན་ཉར་བྱས་པའི་མི་སྣ་རྣམས་གློད་དཀྲོལ། དེ་བཞིན་གྷ་ཛའི་ནང་གི་དཀའ་སྡུག་གི་གནས་སྟངས་མཚམས་འཇོག་དང་། པེ་ལེས་ཐན་གྱི་མི་མང་ལ་ཆེས་མཐོངས་དང་བདེ་འཇགས། རང་དབང་དང་རང་སྲིད་རང་སྐྱོང་གནས་རྒྱུའི་འདོད་དོན་བསྒྱུབ་ཕྱོགས་བཅས་ལ་དམིགས་ཏེ་ལས་དོན་གཉེར་གྱི་ཡོད་ཅེས་གསུངས་འདུག་པར་གཞིགས་ན། ལྕམ་ཧེ་རེས་རང་ཉིད་ཀྱི་སྲིད་གཞུང་གིས་སྲིད་བྱུས་དེ་དག་ལག་ལྟར་བྱ་རྒྱུ་ཡིན་པ་མངོན་ཐུབ། རྩ་བའི་སྲིད་འཛིན་ལས་ཐོག་ཇཱོ་ བྷའི་ཌན་ཕྱི་འབྲེལ་སྲིད་ཇུས་ནང་བྱང་དུ་ཆུབ་པ་ཞིག་ཡིན་ནའང་། ཁོང་དེ་སྔ་གྲོས་ཚོགས་གོང་མའི་འཐུས་མི་ཡིན་པའི་སྐབས་སུ་ཨི་རག་ལ་བརྒྱབས་པའི་དམག་འཁྲུག་ལ་རྒྱབ་སྐྱོར་གནང་བ་དང་། དེ་བཞིན་ཨཕ་གྷནིསི་ནས་ཨ་རིའི་དཔུང་དམག་ཕྱིར་འཐེན་གནང་ཕྱོགས་ལེགས་པོ་མ་བྱུང་བ་སོགས་བྱས་ཉེས་ཀྱི་ལོ་རྒྱུས་ཡོད་པ་དེ་རིགས་ལྕམ་ཧེ་རེས་ལ་མེད་པ་དེས་ཁོང་རེ་ལྟོས་ཆེ་བ་བྱེད་ཡུལ་ལ་གྱུར་ཡོད་པ་རེད། དེའི་ཁར་ཁོང་ནི་མི་རབས་གཞོན་པའི་འགོ་ཁྲིད་གཅིག་ཡིན་པ་མ་ཟད། ཁོང་གི་ཡབ་ཡུམ་གཉིས་རྒྱལ་ཁབ་གཞན་དུ་སྐྱེས་སྲིང་བྱུང་བ་ཡིན་པའི་ཆ་ནས་རང་དབང་རང་བཙན་དང་དྲང་བདེན་བཅས་ཀྱི་རིན་ཐང་ལ་ཚོར་སྣང་ཆེ་བ་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད། ཁོང་གི་ཕྱི་འབྲེལ་སྲིད་བྱུས་སྤྱི་དང་ཡང་སྒོས་དཀྱིལ་ཤར་ཐོག་གི་སྲིད་བྱུས་ནི་ཕྱོགས་ཚང་མར་ཕན་ནུས་ལྡན་པ་ཞིག་ལག་ལྟར་བྱ་སྲིད་པར་ངང་འགུག་བྱེད་ཀྱི་ཡོད།

ཨ་རིའི་རླུང་འཕྲིན་ཁང་གི་གསར་ཁང་ནས་བཏུས།

གསར་འགོད་པ། པདྨ་བདེ་ཆེན།

ཞུ་དག་རྩོམ་སྒྲིག་པ། རྣམ་རྒྱལ་ཤཱསྟྲཱི།