ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༤/༡༢/༢༣

ཀ་མ་ལ་ཧེ་རེས་ལ་རྒྱབ་སྐྱོར་བྱེད་མཁན་ཇི་མང་དུ་འགྲོ་བཞིན་པ།


སྲིད་འཛིན་སྐུ་གཞོན་པ་ལྕམ་ཀ་མ་ལ་ ཧེ་རེས་ཚོགས་པ་དེའི་འོས་མི་དང་སྐུ་ཞབས་ཀྲིམ་ ཝོལྫ་སྲིད་འཛིན་གཞོན་པར་གཞུང་འབྲེལ་ངོས་ལེན་གནང་རྒྱུ་ཡིན་པ་རེད།
སྲིད་འཛིན་སྐུ་གཞོན་པ་ལྕམ་ཀ་མ་ལ་ ཧེ་རེས་ཚོགས་པ་དེའི་འོས་མི་དང་སྐུ་ཞབས་ཀྲིམ་ ཝོལྫ་སྲིད་འཛིན་གཞོན་པར་གཞུང་འབྲེལ་ངོས་ལེན་གནང་རྒྱུ་ཡིན་པ་རེད།

རེས་གཟའ་ཟླ་བ་ནས་ཉིན་བཞིའི་རིང་གྲོང་ཁྱེར་ཆི་ག་ཁོའི་ནང་མང་གཙོ་ཚོགས་པའི་སྲིད་འཛིན་འོས་མི་གཞུང་འབྲེལ་ངོས་ལེན་གྱི་རྒྱལ་ཡོངས་འཐུས་མི་ལྷན་ཚོགས་འཚོགས་རྒྱུ་ཡིན་པ་དང་། ལྷན་ཚོགས་དེའི་སྐབས་ད་ལྟའི་སྲིད་འཛིན་སྐུ་གཞོན་པ་ལྕམ་ཀ་མ་ལ་ ཧེ་རེས་ཚོགས་པ་དེའི་འོས་མི་དང་སྐུ་ཞབས་ཀྲིམ་ ཝོལྫ་སྲིད་འཛིན་གཞོན་པར་གཞུང་འབྲེལ་ངོས་ལེན་གནང་རྒྱུ་ཡིན་པ་རེད། རྒྱལ་ཡོངས་ལྷན་ཚོགས་དེ་མ་ཚོགས་གོང་འོས་སྡུའི་རྒྱལ་ཁ་ཐོབ་རྒྱུར་ཧ་ཅང་གནད་ཁག་ཆེ་བའི་མངའ་སྡེ་ཁག་གཅིག་ནང་ཁ་གཏད་སྤྱི་མཐུན་ཚོགས་པའི་འོས་མི་སྲིད་འཛིན་ཟུར་པ་ཌོ་ནལྜ་ ཊམ་ལས་རྒྱབ་སྐྱོར་བྱེད་མཁན་མང་དུ་འགྲོ་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག དེ་ཡང་རེས་གཟའ་ཉི་མའི་ཉིན་ཁོང་གིས་མངའ་སྡེ་པེན་སེ་ཝི་ཡའི་གྲོང་ཁྱེར་རོ་ཆེས་ཌར་ནང་འོས་སྡུའི་ལས་འགུལ་སྤེལ་སྐབས་མི་མང་ཚོས་རྒྱབ་སྐྱོར་ཡོད་པའི་རྣམ་འགྱུར་ཤུགས་ཆེར་བསྟན་འདུག

སྲིད་འཛིན་གཞོན་པའི་འོས་མི་ཀྲིམ་ཝོལྫ་ཡིས་ལྕམ་ཀ་མ་ལ་ ཧེ་རིས་ཨ་རིའི་སྲིད་འཛིན་རྗེས་མ་ཞེས་ངོ་སྤྲོད་གནང་སྐབས་མི་མང་ཚོས་རྒྱབ་སྐྱོར་བརྟན་པོ་ཡོད་པའི་རྣམ་འགྱུར་བསྟན་འདུག་ཅིང་། མི་མང་གི་བསམ་ཚུལ་བསྡུ་ལེན་བྱས་པའི་གྲུབ་འབྲས་ལ་གཞིགས་ན་ད་ལྟ་ལྕམ་ཧེ་རིས་ལ་རྒྱབ་སྐྱོར་བྱེད་མཁན་གྱི་བརྒྱ་ཆ་༤༨་ལ་སླེབས་ཡོད་པ་དེ་ནི་འདས་པའི་ཟླ་བ་འགའ་ཞིག་གོང་སྲིད་འཛིན་བྷའི་ཌན་ལ་རྒྱབ་སྐྱོར་བྱེད་མཁན་གྱི་རྒྱ་ཆ་༣༨ལས་མེད་པ་དེ་ནས་བརྒྱ་ཆ་བཅུ་ལྷག་འཕར་འདུག་པ་མ་ཟད། རྒྱལ་ཁ་ཐོབ་རྒྱུར་ཤིན་དུ་གནད་འགག་ཆེ་བའི་མངའ་སྡེ་པེན་སེལ་ཝི་ནི་ཡའི་སོགས་ཀྱི་ནང་ཁོང་དང་ཌོ་ནལྜ་ ཊམ་གཉིས་དབར་བརྒྱ་ཆ་ཧ་ལམ་གཅིག་མཚུངས་ལྟ་བུ་ཡིན་པ་མ་ཟད། ལྕམ་ཧེ་རིས་ལ་རྒྱབ་སྐྱོར་བརྟན་པོ་དང་མང་དུ་འགྲོ་རྒྱུའི་རེ་བ་གནང་གི་ཡོད་པ་རེད། གནས་ཚུལ་ཐོན་པར་གཞིགས་ན་ད་ལྟ་བར་ལྕམ་ཀམ་ལ་ལ་མི་རིགས་ནག་པོ་ཡིན་དར་མ་ཚོེས་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་དེ་བརྟན་པོ་ཡོད་པ་མ་ཟད། དེང་སྐབས་མི་རིག་ནག་པོ་ཡིན་པ་ལོ་ན་ཆུང་བ་དང་དེ་མིན་མི་རིགས་གཞན་དང་ལྷག་དོན་དུ་ན་གཞོན་བེུད་ཁོངས་ནས་རྒྱབ་སྐྱོར་བྱེད་མཁན་ཇི་མང་དུ་འགྲོ་བཞིན་ཡོད་པ་རེད།

མི་མང་བསམ་ཚུལ་བསྡུ་ལེན་བྱས་པར་གཞིགས་ན་ཟླ་བ་གཅིག་ཙམ་གོང་སྲིད་འཛིན་བྷའི་ཌན་གྱིས་སྲིད་འཛིན་གྱི་འོས་མི་ནས་ཕྱིར་ཐེན་མ་གནང་གོང་ཁོང་གི་ཁ་གཏད་སྐུ་ཞབས་ཌོ་ནལྜ་ ཊམ་ལ་གནད་འགག་ཆེ་བའི་མངའ་སྡེ་པེན་སེལ་ཝི་ནི་ཡ་སོགས་བདུན་ཡོད་པ་དེ་དག་ནང་རྒྱབ་སྐྱོར་བྱེད་མཁན་མང་པོ་ཡོད་ཀྱང་། ལྕམ་ཧེ་རིས་ལ་རྒྱབ་སྐྱོར་བྱེད་མཁན་བེུད་ན་གཞོན་དང་སྲིད་འཛིན་བྷའི་ཌན་ལ་རྒྱབ་སྐྱོར་བྱས་ཀྱང་ཕན་ནུས་ཐོན་རྒྱུ་མིན་པ་བརྗོད་མཁན་ཁོངས་ནས་མང་པོས་ད་ཆ་ཁོང་ལ་རྒྱབ་སྐྱོར་བྱེད་མཁན་མང་དུ་ཕྱིན་ཏེ་སྐུ་ཞབས་ཊམ་ལ་དཀའ་ངལ་འཕྲད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག་པ་མ་ཟད། ལྷག་པར་རེས་གཟའ་ཟླ་བ་ནས་ཉིན་བཞིའི་རིང་གྲོང་ཁྱེར་ཆི་ག་ཁོའི་ནང་མང་གཙོ་ཚོགས་པའི་ལྷན་ཚོགས་དེའི་རྗེས་གནས་སྐབས་ཞིག་རིང་ལྕམ་ཧེ་རིས་ལ་རྒྱབ་སྐྱོར་གྱི་རྣམ་པ་དེ་ད་དུང་ཡང་ཆེ་རུ་འགྲོ་རྒྱུ་ཡིན་སྐོར་ཉམས་ཞིབ་པས་ངོས་འཛིན་བྱས་འདུག འོན་ཀྱང་སྐུ་ཞབས་ཊམ་ལ་མི་རིགས་དཀར་པོ་དང་། ལྷག་དོན་དུ་རྙིང་ཞེན་ཅན་གྱི་ལྟ་བ་འཁྲེགས་འཛིན་པའི་ཁོངས་ནས་རྒྱབ་སྐྱོར་བྱེད་མཁན་ཤུགས་ཆེ་ཡོད་པ་མ་ཟད་རྒྱབ་སྐྱོར་དེ་དག་ཀྱང་མུ་མཐུད་གནས་རྒྱུ་ཡིན་པའི་གནས་ཚུལ་ཐོན་འདུག ཆབ་སྲིད་ཉམས་ཞིབ་པས་མི་མང་གི་བསམ་ཚུལ་སྡུ་ལེན་བྱས་པར་གཞིགས་ན་མི་རིགས་དཀར་པོ་སྐྱེས་པ་དར་མ་དེ་རིགས་༡༠་ནས་དྲུག་གིས་ལྕམ་ཧེ་རིས་ལ་རྒྱབ་སྐྱོར་མི་བྱེད་མཁན་པ་རེད། འོན་ཀྱང་དེ་དག་གི་ཁོངས་ནས་མང་ཆེ་བ་མཐོ་རིམ་སློབ་གྲར་འགྲོ་མྱོང་མེད་པར་ཤེས་ཡོན་གྱི་གནས་ཚད་སྐྱོ་བོའི་རིགས་རེད་ཅེས་འགྲེལ་བརྗོད་བྱས་འདུག

ཨེ་པི་གསར་ཁང་ནས་བཏུས།

གསར་འགོད་པ། བསྟན་འཛིན་ལྷུན་གྲུབ།

ཞུ་དག་རྩོམ་སྒྲིག་པ། རྣམ་རྒྱལ་ཤཱསྟྲཱི།

གླེང་སྟེགས།

XS
SM
MD
LG