ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༤/༡༢/༢༣

ཀ་མ་ལ་ཧེ་རི་སིས་རྒྱ་ནག་གི་ཐོག་ཏུ་ལངས་ཕྱོགས་ཇེ་མཁྲེགས་སུ་གཏོང་ངམ།


སྲིད་འཛིན་གཞོན་པ་ཀ་མ་ལ་ཧེ་རི་སི་དང་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་༢༠༢༢
སྲིད་འཛིན་གཞོན་པ་ཀ་མ་ལ་ཧེ་རི་སི་དང་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་༢༠༢༢

༄༅།། ཉེ་ཆར་གཟའ་ཉི་མའི་ཉིན་ཇཱོ་བྷ་ཌན་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ནས་ཕྱིར་འཐེན་བྱས་ཏེ་སྲིད་འཛིན་གཞོན་པ་ཀ་མ་ལ་ཧེ་རི་སི་སྲིད་འཛིན་འོས་མིར་གདམ་རྒྱུའི་རྒྱུད་རིམ་ཁག་འགོ་ཚུགས། ཕྱི་ཟླ་༧་པའི་ཚེས་༢༤་ཉིན་རྒྱ་ནག་ལྷོ་ཕྱོགས་སྔ་དྲོའི་ཚགས་པར་གྱིས་ཀ་མ་ལ་ཧེ་རི་སི་དང་ཌོ་ནལ་ཊམ་གཉིས་ཀྱི་སུ་ཞིག་ཨ་རིའི་སྲིད་འཛིན་ལ་འདེམས་ཐོན་བྱུང་ཡང་རྒྱ་ནག་གི་ཐོག་ཏུ་ཁྱད་པར་དེ་ཙམ་མི་འབྱུང་། ཨ་རི་དང་རྒྱ་ནག་གཉིས་ཀྱིས་དམག་འཁྲུག་རྒྱག་ཐུབ་རྒྱུ་ཁག་པོ་རེད་ཅེས་མཁས་པ་ཚོས་བཤད་པའི་སྐད་ཆ་ལུང་འདྲེན་བྱས་ནས་གསར་འགྱུར་སྤེལ་འདུག ཉམས་ཞིབ་པ་མང་ཆེ་བས་ཀ་མ་ལ་ཧེ་རི་སི་སྲིད་འཛིན་ལ་བདམས་ན་ཨ་རིས་རྒྱ་ནག་ལ་འཛིན་པའི་སྲིད་ཇུས་ཇེ་མཁྲེགས་སུ་མ་བཏང་ཡང་བྷ་ཌན་གྱི་སྲིད་ཇུས་རྣམས་རྒྱུན་འཁྱོངས་བྱ་རྒྱུའི་རྟགས་མཚན་འདུག་ཅེས་གླེང་།།

ཨ་རི་དང་རྒྱ་ནག་གཉིས་ནི་ཐེ་ཝན་དང་ཧོང་ཀོང་། བོད་དང་ཞིན་ཅང་། ལྷོ་རྒྱ་ནག་རྒྱ་མཚོ་དང་ཨ་རྒྱའི་འགྲན་སྡུར་སོགས་ལ་བརྟེན་ནས་ཕྱོགས་གཉིས་ཀྱི་འབྲེལ་བར་འགལ་རྐྱེན་སྣ་མང་ཞིག་ཡོད་ཅིང་། སིངྒ་པུར་གྱི་རྒྱལ་ཡོངས་སློབ་གྲྭ་ཆེན་མོའི་ཨ་རྒྱའི་འབྲེལ་ལམ་ཉམས་ཞིབ་པ་ཁྲུང་ཅ་ལན་(Chong Ja lan)་གྱིས་བཤད་པ་ལྟར་ན། སྲིད་འཛིན་བྷ་ཌན་གྱི་སྲིད་ཇུས་ཁག་ཀ་མ་ལ་ཧེ་རི་སིས་རྒྱུན་འཛིན་བྱས་ནས་རྒྱ་ནག་ལ་གོ་རིམ་ལྡན་པ་དང་འགྱུར་བ་མེད་པའི་སྲིད་ཇུས་ཤིག་འཛིན་ཤས་ཆེ། རྒྱ་ནག་གིས་ཧོང་ཀོང་དང་ཞིན་ཅང་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་བརྫིས་བཏང་བར་ཀ་མ་ལ་ཧེ་རི་སིས་འཛེམ་ཟོན་མེད་པར་སྐྱོན་བརྗོད་དྲག་པོ་བྱས་མྱོང་ཡོད་པ་རེད། ཨ་མི་རི་ཀས་རྒྱ་གར་ནས་ཞི་བདེ་རྒྱ་མཚོའི་བར་དུ་འཛིན་པའི་འཐབ་ཇུས་དེ་ཀ་མ་ལ་ཧེ་རི་སིས་མུ་མཐུད་དུ་འཛིན་གྱི་འདུག་ཅེས་གནས་ཚུལ་སྤེལ།།

ཀ་མ་ལ་ཧེ་རི་སིས་ཨ་མི་རི་ཀ་དང་ཨེ་ཤི་ཡའི་མཐུན་གྲོགས་རྒྱལ་ཁབ་ཁག་མཉམ་འབྲེལ་བྱས་ཏེ་རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་རྒྱ་སྐྱེད་བྱེད་ཀྱི་ཡོད་པ་འགོག་དགོས་ཞེས་ནན་ཏན་གྱིས་བརྗོད། ༢༠༢༢་ལོར་ཧུན་དྷུ་ར་སིའི་སྲིད་འཛིན་གསར་པའི་ཁྲི་སྟོན་མཛད་སྒོའི་ཐོག་ཏུ་ཀ་མ་ལ་ཧེ་རི་སི་དང་སྐབས་དེའི་ཐེ་ཝན་གྱི་སྲིད་འཛིན་གཞོན་པ་ལེ་ཆིང་ཏེ་གཉིས་ཐུག་འཕྲད་བྱུང་སྟེ་ཨ་མི་རི་ཀས་ཐེ་ཝན་ལ་རྒྱབ་སྐྱོར་བྱ་རྒྱུ་གཡོ་བ་མེད་ཅེས་བསྐྱར་དུ་བཟློས། སྲིད་འཛིན་བྷ་ཌན་ནས་རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱས་ན་ཨ་མི་རི་ཀས་བར་འགོག་བྱ་རྒྱུ་ཡིན་ཟེར། ཌོ་ནལ་ཊམ་གྱིས་ཨ་མི་རི་ཀས་ཐེ་ཝན་ལ་སྲུང་སྐྱོབ་བྱ་དགོས་ན་གླ་ཡོན་སྤྲོད་དགོས་ཞེས་ཆ་རྐྱེན་བཏོན། ཀ་མ་ལ་ཧེ་རི་སིས་ཨ་མི་རི་ཀས་རྒྱ་ནག་ལ་ཚན་རིག་ལག་རྩལ་དང་འཕྲུལ་ཆས་ཀྱི་ཐོག་ཏུ་འགྲན་སྡུར་ནུས་ལྡན་ཞིག་བྱ་དགོས་པའི་སྲིད་ཇུས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་འདུག

རྒྱ་ནག་གི་ཧྲང་ཧེ་གྲོང་ཁྱེར་དུ་གནས་འཁོད་རྒྱལ་སྤྱིའི་འབྲེལ་ལམ་ཉམས་ཞིབ་པ་ཧྲེན་ཏིང་ལིས་(Shen Dingli)་རྒྱལ་སྤྱིའི་སྡིངས་ཆའི་ཐོག་ཏུ་བྷ་ཌན་གྱི་སྲིད་ཇུས་རྣམས་ཀ་མ་ལ་ཧེ་རི་སིས་བསྐྱར་ཟློས་བྱེད་ཀྱི་ཡོད་པར་བལྟས་ཚེ། ཁོ་མོ་སྲིད་འཛིན་ལ་བདམས་ཀྱང་ཕྱི་སྲིད་མ་འདྲ་བ་ཞིག་འཛིན་ས་མ་རེད། ཌོ་ནལ་ཊམ་ལ་ཁ་གཏད་བཅག་སྟེ་འོས་བསྡུའི་རྒྱལ་ཁ་ཐོབ་ཐབས་སུ་ཀ་མ་ལ་ཧེ་རི་སིས་རྒྱ་ནག་ལ་འཛིན་པའི་ལངས་ཕྱོགས་སྔར་ལས་ཇེ་མཁྲེགས་སུ་གཏོང་མི་སྲིད་པ་མིན། ཕྱི་ཟླ་༡༡་པའི་འོས་བསྡུའི་སྐབས་སུ་དམངས་གཙོ་ཚོགས་པར་རྒྱལ་ཁ་ཐོབ་དཀའ། དམངས་གཙོ་ཚོགས་པས་ས་མཚམས་སྲུང་སྐྱོབ་བྱེད་ཐུབ་ཀྱི་མེད་པས་མི་མང་འོས་ཤོག་འཕེན་མཁན་མང་པོ་མི་འབྱུང་། ཀ་མ་ལ་ཧེ་རི་སི་ལ་མཚམས་སྲུང་སྐྱོབ་ཀྱི་ལས་འགན་སྤྲད་ཀྱང་མ་གྲུབ། ༢༠༢༣་ལོར་མེཀ་སི་ཀོ་ནས་ཕྱི་མི་གཞིས་ཆགས་པ་ས་ཡ་༢་དང་འབུམ་༤་ལྷག་ཨ་མི་རི་ཀར་ཁྲིམས་འགལ་དུ་བསླེབས་ཡོད་པ་རེད་ཅེས་བཀྲལ།།

ཌོ་ནལ་ཊམ་གྱིས་ཁོ་པ་བསྐྱར་དུ་སྲིད་འཛིན་ལ་འདེམས་ཐོན་བྱུང་ན་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་བརྒྱ་ཆ་༦༠་སྤར་རྒྱུ་དང་རྒྱ་ནག་ནས་ཐོན་པའི་གློག་གི་རླངས་འཁོར་ལ་སྒོ་ཁྲལ་བརྒྱ་ཆ་༢༠༠་སྤར་རྒྱུ་ཡིན་ཞེས་བསྒྲགས། ད་ལོའི་ཕྱི་ཟླ་༥་པའི་ནང་སྲིད་འཛིན་བྷ་ཌན་གྱིས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་ཨ་སྒོར་དུང་ཕྱུར་༡༨༠་སྤར་རྒྱུའི་ཐག་གཅོད་བྱས་པ་དེའི་ཁོངས་སུ་རྒྱ་ནག་ནས་ཐོན་པའི་གློག་གི་རླངས་འཁོར་ལ་སྒོ་ཁྲལ་བརྒྱ་ཆ་༡༠༠་སྤར། པེ་ཅིང་དུ་གནས་འཁོད་ཐེ་ཧེ་ཞིབ་འཇུག་ཁང་གི་ཉམས་ཞིབ་པ་ཨི་ནར་ཐན་གྷན་(Einar Tangen)་གྱིས་བྷ་ཌན་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ནས་ཕྱིར་འཐེན་བྱས་ཏེ་ཀ་མ་ལ་ཧེ་རི་སི་ལ་གོ་སྐབས་ཐོབ། ཁོ་མོས་རྒྱ་ནག་ལ་འཛིན་པའི་སྲིད་ཇུས་དེ་གསལ་སྟོན་བྱུང་མེད་ཀྱང་བྷ་ཌན་དང་ཁྱད་པར་ཆེན་པོ་འབྱུང་མི་སྲིད་ཅེས་བཤད་འདུག

ཧོང་ཀོང་སློབ་གྲྭ་ཆེན་མོའི་ད་ལྟའི་འཛམ་གླིང་དང་རྒྱ་ནག་ཉམས་ཞིབ་ཁང་རྩ་འཛུགས་འགན་འཛིན་ལི་ཁྲེང་(Li Cheng)་གིས་པེ་ཅིང་དང་ཝ་ཤིང་ཊོན་གཉིས་མི་མཐུན་པའི་འགལ་ཟླ་ཆེན་པོ་ཡོད་ཀྱང་འཁྲུག་རྩོད་ཅིག་ལ་འགྱུར་མི་ཐུབ། ངའི་སེམས་པར་ཨ་རིའི་སྲིད་འཛིན་འོས་མི་ཚོས་འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་སྐབས་སུ་བཤད་པའི་སྐད་ཆ་དེ་ཚོ་གནད་འགག་ཏུ་བརྩི་མི་ཉན། ཁོ་ཚོས་འོས་བསྡུའི་སྐབས་སུ་བཤད་པ་དང་འོས་འདེམས་རྗེས་སུ་ལག་ལེན་བསྟར་ཕྱོགས་གཉིས་ཐ་དད་རེད། མིག་སྔའི་ཨ་རིའི་ཆབ་སྲིད་ཀྱི་ཁོར་ཡུག་ནང་དུ་ཌོ་ནལ་ཊམ་དང་ཀ་མ་ལ་ཧེ་རི་སི། མ་འོངས་པར་མི་གཞན་པ་སུ་ཞིག་བསླེབས་ཀྱང་རྒྱ་ནག་གི་ཐོག་ཏུ་ལངས་ཕྱོགས་མཁྲེགས་པོ་འཛིན་རྒྱུ་ལྡོག་ཐབས་བྲལ། སྤྱི་མཐུན་ཚོགས་པ་དང་དམངས་གཙོ་ཚོགས་པས་རྒྱ་ནག་ལ་འཛིན་པའི་འཐབ་ཇུས་དེར་ཁྱད་པར་ཆེན་པོ་འདུག དགྲ་ཞིག་ལ་འཐབ་རྒོལ་བྱ་རྒྱུའི་སེམས་ཐག་བཅད་ནས་དགྲ་ཞིག་འཚོལ་ཐབས་བྱེད་མི་ཉན་ཞེས་ནན་གྱིས་བསྐུལ།།

རྒྱ་ནག་གི་ཉམས་ཞིབ་པ་ཚོས་ཨ་རི་དང་རྒྱ་ནག་གི་འགྲན་རྩོད་ནི་སྐབས་ཤིག་གི་རིང་མེད་པར་མི་འགྱུར། ཨ་རིའི་སྲིད་དོན་ཚོགས་པ་གཉིས་ཀས་རྒྱ་ནག་ཉེན་ཁ་ཞིག་ཏུ་ངོས་འཛིན་གཅིག་མཚུངས་བྱེད་ཀྱི་ཡོད་པར་མ་ཟད། རེ་ཞིག་ཨ་རི་དང་རྒྱ་ནག་གི་འབྲེལ་བ་ཡག་ཏུ་འགྲོ་ཐུབ་རྒྱུ་དཀའ་བར་སྣང་མོད། འོན་ཀྱང་ཨ་མི་རི་ཀའི་མི་མང་འོས་ཤོག་འཕེན་མཁན་རྣམས་བླུན་པོ་མ་རེད། ཨ་རིའི་དཀའ་ངལ་ཐམས་ཅད་ཞི་བདེ་རྒྱ་མཚོའི་ཕ་རོལ་ཏུ་ཆགས་པའི་རྒྱ་ནག་གིས་བསླངས་པ་རེད་ཅེས་འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་སྐབས་སུ་སྒྲོགས་ཀྱི་ཡོད་པ་རྣམས་སྒྲོ་འདོགས་དང་ཕྱོགས་ལྷུང་གི་སྐད་ཆ་ཡིན་པ་ཤེས་ཀྱི་རེད། རྒྱལ་ཁབ་གཞན་གྱི་དོན་དུ་ཨ་མི་རི་ཀས་རྒྱ་ནག་ལ་དམག་འཁྲུག་རྒྱག་རྒྱུ་དེར་ཨ་རི་བ་མང་ཆེ་བ་ག་ལ་འཐད། རྒྱ་ནག་དགྲ་རུ་བརྩིས་ན་ཨ་རིའི་མི་དམངས་རྣམས་རྡོག་རྩ་གཅིག་ཏུ་བསྒྲིལ་ཐུབ། ཡིན་ནའང་དེ་ལ་ལམ་ལྷོངས་མི་འབྱུང་ཉེན་ཁ་ཆེན་པོ་ཡོད་ཅེས་བརྗོད་དཔྱོད་སྤེལ།།

ཕྱི་ཟླ་༧་པའི་ཚེས་༢༢་ཉིན་ཨ་རིའི་རླུང་འཕྲིན་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཀ་མ་ལ་ཧེ་རི་སིས་ལོ་༣་དང་ཕྱེད་ཀའི་རིང་སྲིད་འཛིན་གཞོན་པའི་ཐུགས་འགན་བཞེས་ཏེ་རྒྱལ་ཁབ་༡༩་ལ་འཚམས་འདྲིར་བསྐྱོད། ཕྱིའི་རྒྱལ་ཁབ་ཁག་གི་འགོ་ཁྲིད་༡༥༠་ལྷག་ལ་ཐུག་འཕྲད་གྲོས་མོལ་བྱུང་། ༢༠༢༣་ལོའི་ཕྱི་ཟླ་༩་པའི་ནང་ཨིན་རྡུ་ནེ་ཤི་ཡར་ཚོགས་པའི་ལྷོ་ཤར་ཨེ་ཤི་ཡའི་ཡུལ་གྲུ་མཉམ་འབྲེལ་མཐུན་ཚོགས་ཀྱི་ཚོགས་ཆེན་རྗེས་སུ་ཨ་མི་རི་ཀས་རྒྱ་ནག་ལ་ཚོང་འབྲེལ་གཅོད་ཀྱི་མེད། ང་ཚོས་ཉེན་ཁ་ཆུང་དུ་གཏོང་རྒྱུ་གཙིགས་སུ་བཟུང་སྟེ་ངེས་ཤེས་རྙེད་ཐབས་བྱེད་ཀྱི་ཡོད། ང་ཚོ་རྒྱ་ནག་ནས་ཕྱིར་འཐེན་བྱ་རྒྱུ་དེ་མིན། ཨ་མི་རི་ཀའི་ཁེ་ཕན་སྲུང་སྐྱོབ་དང་ཨ་མི་རི་ཀས་འགོ་ཁྲིད་ལ་ཁ་གཏད་གཅོག་མཁན་བྱུང་ན་དེ་ལ་འཐབ་རྒོལ་བྱ་རྒྱུ་ཡིན་ཞེས་གསར་འགོད་པའི་དྲི་བར་ལན་བཏབ། ༢༠༢༢་ལོར་ཞིས་ཅིན་ཕིང་ལ་ཐེངས་དང་པོ་ཐུག་པའི་དུས་སུ་ཨ་རི་དང་རྒྱ་ནག་གི་འབྲེལ་བ་གལ་ཆེན་དུ་རྩི་བཞིན་ཡོད་ཅེས་བཤད་པའི་གནས་ཚུལ་ཐོན་འདུག

གླེང་སྟེགས།

XS
SM
MD
LG